༄༅། །མཐའ་བྲལ་གྱི་རིགས་པའི་དཀའ་གནས་གསལ་བར་བྱེད་པ་དེ་ཉིད་གསལ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། ། [001B] །ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། རབ་འབྱམས་རྒྱལ་བའི་ཡེ་ཤེས་ཕུང་པོ་གཞོན་ནུའི་རོལ་པར་རྣམ་ཆགས་པ། །རྒྱལ་བའི་ཡབ་གཅིག་ཟུར་ཕུད་ལྔ་པ་ དམར་སེར་གོས་བཟང་གཞོན་ནུའི་རྒྱན། །ཀུན་ནས་འཛིན་པའི་ཟླ་མེད་བླ་མ་བཙོང་ཁ་པ་ཞེས་ཕྱོགས་ཀུན་ཏུ། །གྲགས་སྙན་ལ་ཆགས་སྲས་བཅས་རྒྱལ་བས་རབ་བསྔགས་མེ་ཏོག་འཐོར་ དེར་འདུད། །གང་གིས་ཉེར་བསྟན་དྲི་མེད་ཕྱོགས་ཀྱི་མགྲོན། །སྨྲ་ངན་དུག་སྦྲུལ་ཁར་ཆགས་རླུང་ཤུགས་ཀྱིས། །དུབ་ཚེ་མཁྱེན་དཔྱོད་མགྷིའི་ཚ་ཡིས་ཀྱང། །ངལ་གསོ་སྟེར་མཁས་ ཆོས་ཀྱི་རྒྱལ་མཚན་རྒྱལ། །བསྟེན་འོས་རྨད་བྱུང་ཡོན་ཏན་བདུད་རྩིའི་རོ། །མ་ལུས་སྡུད་པའི་རྣམ་དཔྱོད་བུམ་བཟང་ཅན། །ཀུན་ལ་འཆི་མེད་གོ་འཕང་སྟེར་བའི་སྒོ། །རྒྱལ་ཀུན་ངོ་བོ་རྩ་ [002A]༄༅། །བའི་བླ་མར་འདུད། །བཅུ་གཉིས་བདག་པོས་ཉིན་མོའི་དུས་དང་དེས་ནི་པད་གཞོན་འདབ་མ་དང། །དེས་ནི་སྦྲང་རྩིའི་དོག་པ་ཡང་སྟེ་དེས་ཀྱང་རྐང་དྲུག་དགའ་ བདེ་བཞིན། །རྨད་བྱུང་དམ་པའི་མཐུ་དཔལ་གྱིས་ནི་ཁོ་བོའི་བློ་གྲོས་རྒྱས་མཛད་ནས། །མ་ལུས་ངོ་མཚར་རིག་པའི་གནས་ལ་མཁའ་ལ་ཉི་བཞིན་སྤྱོད་གྱུར་ཅིག་རྒྱ་ཆེན་གསུང་རབ་ཨུ་ མར་རྣམ་རྩེན་པའི། །ཕུལ་བྱུང་བསིལ་ལྡན་བདག་པོར་མ་རེག་ཀྱང། །རྣམ་དཔྱོད་ཛ་ཊའི་ཐོར་ཚུགས་བཙིར་བ་ན། །དྲི་མེད་ལེགས་བཤད་གངྒཱ་ཅི་ཡང་འབབ། །རྣམ་མང་གཞུང་ལུགས་ བལྟས་པའི་ངལ་ཡུས་དང། །ཚིག་གི་རློམ་པས་གཞན་དག་ཟིལ་གནོན་ཅིང། །རིགས་པ་སྨྲ་བའི་གྲགས་སྐམ་གྱིས་མཐོ་བའི། །མཁས་རློམ་སྙིང་ལ་ཟུག་རྔུ་བརྒྱ་སྟེར་མོད། །དེ་ལྟ་ན་ [002B] །བྱ་བ་གསུམ་ལ་བག་ཆགས་འཇོག་ཕྱིར་དང། །དུ་མའི་གསུང་གིས་བསྐུལ་བའང་དང་བླངས་ཏེ་།དཀའ་གནས་གཞུང་ལུགས་ཅི་ནུས་འཆད་ལ་སྤྲོ། ༈ །དེ་ཡང་སྐྱེ་བོ་མཆོག་གི་ཆོས་ལུགས་སམ་ བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་མི་ཉམས་པར་སྤེལ་བ་ལ་སྒོ་དུ་མ་ནས་ཞུགས་པ་སྟེ། བཤད་པ་དང་སྒྲུབ་པ་གཉིས་ཀྱི་སྒོ་ནས་སོ། །དེ་ལས་ནི་རང་དང་གཞན་གྱི་གནས་སྐབས་དང། མཐའི་འབྲས་བུ་ཕུན་སུམ་ཚོགས་པ་ ཐམས་ཅད་འབྱུང་བས་བདག་གཞན་ཚིམ་པའི་སྒོ་བླ་ན་མེད་པ་སྟེ་དེ་ལ་འཇུག་པ་ནི་བྱ་བ་གཞན་གང་གིས་ཀྱང་སྒྲུན་དུ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཕྱི་རོལ་པ་དག་གིས་ཐོས་པ་དང་རྩོད་པ་ཙམ་ལྷུར་ལེན་པ་ལྟ་བུ་མ་ཡིན་པར། སྒྲུབ་པ་ ཁོ་ནའི་ཆེད་དུ་ཐོས་པ་སོགས་ཇེ་ཐོག་མཁོ་ན་ནས་བྱས་ཏེ། ཐོས་བསམ་སྒོམ་གསུམ་ཚ་གྲང་ལྟར་མི་འགལ་བར་གཅིག་གྲོགས་སུ་གཅིག་འགྲོ་བ་ཞིག་གནད་དམ་པར་བཟུང་ཞིང་རྒྱལ་བའི་བསྟན་པ་ཉག་གཅིག་འཇུག་ངོགས་བླ་ན་མེད་པའོ་ཞེས་བྱ་ བར་ཤེས་ནས་འཇུག་པར་བྱའོ། །དེ་ཡང་ཐར་པ་དོན་དུ་གཉེར་བའི་མིང་ཙམ་གྱིས་ཚིམ་པ་མ་ཡིན་པར། སྙིང་ནས་ཐར་འདོད་སྐྱེས་པ་དེ་ལ་གང་ལས་ཐར་ན་ཐར་པར་འགྲོ་བའི་སྡུག་ཀུན་གྱི་རྩ་བ་ཀུན་ནས་གཅོད་པའི་གཉེན་པོ་བླ་ན་མེད་པ་ བདག་མེད་རྟོགས་པའི་ཤེས་རབ་དེ་བསྟན་དགོས་ཤིང། རྒྱལ་བའི་གསུང་རབ་ཐམས་ཅད་ནི། དངོས་དང་བརྒྱུད་པའི་སྒོ་ནས་ཤེས་རབ་དེའི་ཆེད་དུ་གསུངས་པ་ཤ་སྟག་ཡིན་པ་ནི། ཇི་སྐད་དུ། ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ [003A]༄༅། །ཤེས་རབ་དོན་དུ་གསུངས། །ཞེས་དང། སྒོམ་རིམ་བར་བ་ལས། བཅོམ་ལྡན་འདས་ཀྱི་བཀའ་ཐམས་ཅད་ནི་ལེགས་པར་གསུངས་པ་སྟེ། མངོན་སུམ་དུའམ། བརྒྱུད་པས་དེ་ཁོ་ན་མངོན་སུམ་དུ་གསལ་ བར་བྱེད་པ་དང། དེ་ཁོ་ན་ལ་གཞོལ་བ་ཉིད་དོ། །ཞེས་གསུངས་པས་སོ། །དེ་ལྟ་བུའི་ཤེས་རབ་བསྐྱེད་པ་ལ་བདག་མེད་གཏན་ལ་འབེབས་དགོས། དེ་ལ་མེད་རྒྱུའི་བདག་དེ་གལ་ཏེ་གྲུབ་ན་འདི་ལྟ་བུ་ཞིག་གོ་སྙམ་དུ་ཚིག་ཙམ་མ་ ཡིན་པར་ངོས་ཟིན་དགོས་ཏེ། སྤྱོད་འཇུག་ལས། བཏགས་པའི་དངོས་ལ་མ་རེག་པར། །དེ་ཡི་དངོས་མེད་འཛིན་མ་ཡིན། །ཞེས་གསུངས་པས་སོ་།དེའི་ཕྱིར་དགག་བྱའི་ངོས་འཛིན་ཕྱིན་ཅི་མ་ལོག་པ་ཞིག་གལ་ཆེ་ཞིང། དེ་ལྟ་བུའི་ དགག་བྱ་དེ་ཡང་གྲུབ་མཐའ་ཐམས་ཅད་ཀྱི་ནང་ནས་ཐལ་འགྱུར་པའི་ལུགས་མཆོག་དྲི་མ་མེད་པ་ལྟར་དུ་ངེས་པར་འདོད་ན། གྲུབ་མཐའ་འོག་མ་དག་གི་ལུགས་དང་སོ་སོར་ཕྱེད་པར་བྱས་ནས་ལུགས་དེ་དག་དང་མ་འདྲེས་པར་ བྱེད་པ་ལ། ལུགས་དེ་དག་གི་འདོད་ཚུལ་སོ་སོར་ཤེས་དགོས་ཤིང་ཁྱད་པར་ཐལ་རང་གི་གྲུབ་མཐའི་ཁྱད་པར་ཤེས་ནས། དེ་གཉིས་ཀྱི་ལུགས་ཀྱི་དགག་བྱའི་ཕྲ་རགས་ཀྱི་ཁྱད་པར་ཕྱེད་པ་གལ་ཆེ་བས། དེ་ཡང་གཙོ་བོར་ཀུན་ རྫོབ་འདོད་ཚུལ་གྱི་དབང་གིས་ཡིན་ལ། དེའི་རྒྱུ་མཚན་ཡང། རང་རྒྱུད་པས་བུམ་པ་ལྟ་བུ་ལ་རང་ངོས་ནས་གྲུབ་པ་དེ་བུམ་པའི་ཀུན་རྫོབ་པའི་སྡོད་ལུགས་ཡིན་པར་འདོད་ཅིང། དེ་ལྟ་བུའི་ཀུན་རྫོབ་པའི་སྡོད་ལུགས་ཏེ། ཐལ་ [003B]གཉིས་ཀྱི་དགག་བྱ་ལ་ཕྲ་རགས་ཀྱི་ཁྱད་པར་ཤིན་ཏུ་ཆེ་བས་ཁོ་བོས་ཀྱང་མདོར་བསྡུས་ཤིག་གཞན་དུ་བཤད་ཟིན་ལ་གཙོ་བོར་ལམ་རིམ་ཆེན་མོ་སོགས་སུ་ཞིབ་ཏུ་ བལྟ་བར་བྱའོ། །དེ་ལྟ་བའི་འགག་བྱ་མང་དུ་ཡོད་ཀྱང་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱིས་ནི་གཙོ་བོར་རྡོ་རྗེ་གཟེགས་མའི་གཏན་ཚིགས་ལ་བརྟེན་ཏེ། མཉམ་ཉིད་བཅུའི་ནང་ནས་ཀྱང་སྐྱེ་བ་མེད་པར་མཉམ་པ་ ཉིད་གཏན་ལ་འབབས་པའི་དབང་དུ་མཛད་ནས། དབུ་མ་རྩ་བར་བདག་ལས་མ་ཡིན་ཞེས་སོགས་དང། དཔལ་ལྡན་ཟླ་བས་ཀྱང། འཇུག་པར། དེ་ཉིད་དེ་ལས་འབྱུང་མིན་ཞེས་སོགས་རང་བཞིན་གྱིས་སྐྱེ་བ་འགོག་ཚུལ་རྒྱས་ པར་བཤད་པ་མཛད་དོ། །འོ་ན་དཔལ་ལྡན་ཟླ་བས་སུ་ཞིག་འཕགས་པའི་དགོངས་པ་འགྲེལ་བ་ལ་ཕུལ་དུ་ཕྱིན་པར་གཟིགས་ཤེ་ན། དེ་ཡང་འཕགས་པ་ལྷ་ནི་རྗེས་འབྲང་ཐམས་ཅད་ཀྱིས་འཕགས་པ་ཀླུ་སྒྲུབ་དང་ཁྱད་པར་མེད་པར་ ཡིད་ཆེ་བའི་གནས་སུ་བྱེད་ལ། སངས་རྒྱས་བསྐྱངས་འདི་ལ་ལེགས་ལྡན་འབྱེད་ལས་སོགས་པས་དགག་པ་མང་དུ་མཛད་ཀྱང། ཟླ་བས་ནི་སློབ་དཔོན་དེ་ཉིད་འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་འགྲེལ་པ་ལ་རྨད་དུ་བྱུང་བར་གཟིགས་ ཏེ། དེའི་འགྲེལ་པའི་སྟེང་ནས་རྩ་ཤེའི་དགོངས་པ་འཆད་པ་ལྷུར་མཛད་དོ། །དེའི་ཕྱིར་སངས་རྒྱས་བསྐྱངས་ཀྱི་འགྲེལ་བ་གཞིར་བཞག་དཔལ་ལྡན་ཟླ་བས་ལེགས་བཤད་ཀྱི་འཐད་པས། ལེགས་ལྡན་འབྱེད་ལས་སོགས་པའི་རྩོད་ [004A]༄༅། །པ་སུན་འབྱིན་ལུགས། གངས་ཅན་གྱི་ཤིང་རྟ་ཆེན་པོ་ཆོས་ཀྱི་རྒྱལ་པོ་གཙོང་ཁ་པའི་དགོངས་དོན་མཁས་གྲུབ་དགེ་ལེགས་དཔལ་བཟང་པོས་གསལ་བར་མཛད་པ་བཞིན། ལུང་དང་རིགས་པའི་དབང་ཕྱུག་ རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོའི་གསུང་གི་རྗེས་སུ་ཞུགས་ཏེ་བཤད་པར་བྱའོ། །དེ་ཡང་སྔར་བཤད་པའི་དགག་བྱ་རང་ངོས་ནས་གྲུབ་པ་དེ་ཆོས་ཐམས་ཅད་ཀྱི་སྟེང་དུ་འགོག་དགོས་ནའང། ཐོག་མར་འདུས་བྱས་ཀྱི་སྟེང་དུ་ བཀག་ན་འདུས་མ་བྱས་ཀྱི་སྟེང་དུ་འགོག་སླ་ལ། འདུས་བྱས་ལ་ཡང་སྐྱེ་གནས་འཇིག་གསུམ་ལས། སྐྱེ་བ་རང་བཞིན་གྱིས་གྲུབ་པ་བཀག་ན་གཞན་གཉིས་རང་བཞིན་གྱིས་གྲུབ་པ་ཁེགས་སོ། །དེའི་ཕྱིར་འདུས་བྱས་རང་བཞིན་གྱིས་ སྐྱེ་ན། སྐྱེ་ཚུལ་བཞི་པོ་གང་རུང་ཞིག་ལས་མ་འདས་པས་མཐའ་བཞིའི་སྐྱེ་བ་དགག་པར་བྱའོ། །དེ་ཡང་ཐོག་མར་བདག་ལས་སྐྱེ་བ་ནི་གྲངས་ཅན་སྐྱེ་བར་སྨྲ་བ་དག་འདོད་དོ། །ཇི་ལྟར་འདོད་ན་མྱུ་གུ་ལྟ་བུ་རང་གི་རྒྱུ་ས་བོན་གྱི་དུས་ ནས་མེད་ན་སྐྱེ་བ་མི་འཐད་ལ་གལ་ཏེ་སྔོན་མེད་པ་ཞིག་གསར་དུ་སྐྱེ་ན་ནི་རི་བོང་གི་རྭ་ཡང་སྐྱེ་བར་ཐལ་བ་དང། བྱེ་མ་ལས་ཀྱང་ཏིལ་མར་འབྱུང་བར་ཐལ་བའི་སྐྱོན་ཡོད་པས་སོ། །དེས་ན་བདག་ལས་སྐྱེ་ཞེས་བྱ་བ་ཡང་མྱུ་གུ་ལས་མྱུ་ གུ་སྐྱེ་བའི་དོན་ འདི་ཊཱིཀ་ཆེན་ལས་བཤད་དོ། །མ་ཡིན་གྱི་ས་མྱུག་གཉིས་ཕན་ཚུན་ཐ་དད་པ་ཁོ་ནར་འདོད་ཀྱང། རང་བཞིན་གཅིག་ཏུ་འདོད་ཅིང། ས་བོན་གྱི་རང་བཞིན་ལས་སྐྱེ་བར་སྨྲས་པ་ཉིད་ཀྱིས། ས་བོན་གྱི་རང་བཞིན་ [004B] མྱུ་གུ་རང་གི་རང་བཞིན་ལས་མྱུ་གུ་སྐྱེ་བར་སྨྲས་ལ། དེ་ལྟར་མྱུ་གུ་རང་གི་རང་བཞིན་ལས་སྐྱེ་བ་ནི་བདག་སྐྱེའི་འདོད་ཚུལ་ལོ། །དེ་ཡང་ས་བོན་གྱི་དུས་ཀྱི་མྱུ་གུ་མི་གསལ་བ་རྒྱུར་བྱས་ནས་གསལ་ བའི་མྱུ་གུ་འབྲས་བུར་མི་འདོད་པར་གསལ་ཏེ། དེ་ལྟར་མ་ཡིན་ན། མི་གསལ་བའི་མྱུ་གུ་ལས་གསལ་བའི་མྱུ་གུ་སྐྱེ་བར་ཁས་བླངས་བཞིན་དུ་མྱུ་གུ་ལས་མྱུ་གུ་མི་སྐྱེ་ཞེས་འདོད་པ་དང། མྱུ་གུ་བདག་ལས་སྐྱེ་བར་ཁས་བླངས་པ་རྣམས་ཀུན་ ནས་མི་འགྲིགས་པས། གྲངས་ཅན་དེ་ཙམ་དུ་ཕྱི་རོལ་པའི་རིགས་པ་སྨྲ་བའི་ནང་ནས་ཀྱང་ཐ་ཆད་པ་ནི་མ་ཡིན་ནོ། །དེས་ན་མྱུ་གུ་མི་གསལ་བ་རྒྱུ་དུས་ན་ཡོད་པ་དེ་སྐྱེ་རྒྱུར་བྱས་ནས། རྒྱུ་ས་བོན་དང་རྐྱེན་ཆུ་ལུད་ལས་སོགས་པས་གསལ་ བར་བྱས་པ་ན་མྱུ་གུ་གསལ་བའི་ངོ་བོར་སྐྱེ་བར་འདོད་དོ། །རང་བཞིན་གཅིག་ཚུལ་ནི་མྱུ་གུའི་རང་བཞིན་ཡང་ས་བོན་གྱི་རང་བཞིན་དང་ས་བོན་གྱི་རང་བཞིན་ཡང་མྱུ་གུའི་རང་བཞིན་དང་ས་མྱུག་གི་རང་བཞིན་ཡང་ཆུ་ལུད་ཀྱི་རང་བཞིན་ཡིན་ པ་སོགས་ས་མྱུག་ཆུ་ལུད་སོགས་ཀྱི་རང་བཞིན་ཕར་ཡིན་ཚུར་ཡིན་དུ་འདོད་པ་ཡིན་གྱི་རང་བཞིན་གཅིག་ཚུལ་སངས་རྒྱས་པ་ལྟར་མ་ཡིན་ནོ། །དེ་ཡང་རྒྱུ་རྐྱེན་དང་འབྲས་བུ་ཐམས་ཅད་ལ་ཁྱབ་པའི་རང་བཞིན་གཅིག་ཁོ་ན་ཡིན་པ་ཞིག་ མེད་ན་རྒྱུ་འབྲས་ཀྱི་འབྲེལ་བ་མི་འཐད་པ་ཙམ་ཞིག་ལ་གོ་བར་སྣང་ངོ། །སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་དེ་འགོག་པའི་ཕྱིར་བུདྡྷ་པཱ་ལི་ཏར། དེ་ལ་རེ་ཞིག་དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་དེ། དེ་དག་གི་སྐྱེ་བ་དོན་མེད་པ་ [005A]༄༅། །ཉིད་དུ་འགྱུར་བའི་ཕྱིར་དང། ཤིན་ཏུ་ཐལ་བར་འགྱུར་བའི་ཕྱིར་རོ། །དངོས་པོ་བདག་གི་བདག་ཉིད་དུ་ཡོད་པ་རྣམས་ལ་ནི། ཡང་སྐྱེ་བ་ལ་དགོས་པ་མེད་དོ། །ཅི་སྟེ་ཡོད་ཀྱང་སྐྱེ་ན་ནམ་ཡང་མི་སྐྱེ་བར་མི་འགྱུར་རོ། ། ཞེས་གསུངས། དེ་ཡང་ཐོག་མར་རང་ལུགས་ཀྱི་དམ་བཅའ་བཞི་ཡོད་པའི་ནང་ནས། རེ་ཞིག་དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་དེ་ཞེས་བདག་སྐྱེ་མེད་པའི་དམ་བཅའ་བཀོད་ནས། དམ་བཅའ་དེ་དངོས་སུ་སྒྲུབ་པ་ན་སྒྲུབ་བྱེད་ཚུལ་ གསུམ་པའི་གཏན་ཚིགས་དངོས་སུ་མ་བཀོད་པར། དམ་བཅའ་དེའི་བཟློག་ཕྱོགས་བདག་ལས་སྐྱེ་བ་ཁས་ལེན་པ་ལ་གནོད་བྱེད་སྟོན་པའི་ཐལ་འགྱུར་ཙམ་ཞིག་དངོས་སུ་བཀོད་པ་ཡིན་ལ། དེ་ཡང་དེ་དག་གི་ཞེས་སོགས་མདོར་བསྟན་གཉིས་ དང། དངོས་པོ་བདག་གི་བདག་ཉིད་དུ་ཡོད་པ་ཞེས་སོགས་རྒྱས་བཤད་གཉིས་སྦྱར་བ་ན་གསལ་བར་ཐོན་པ་ཡིན་ནོ། །འོ་ན་དེས་དེའི་བཟློག་ཕྱོགས་ཁས་ལེན་པ་ལ་གནོད་བྱེད་སྟོན་ཚུལ་གང་ཞེས་འདྲི་ན་དེའི་ལན་དུ་ཚིག་དོན་མཐར་ གྱིས་བཤད་པར་བྱའོ། །དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་དེ་གལ་ཏེ་གྲངས་ཅན་ཁྱོད་ཀྱིས་དངོས་པོ་བདག་ལས་སྐྱེ་བར་འདོད་པ་ན། རང་གི་རྒྱུའི་དུས་ནས་མི་གསལ་བར་ཡོད་པར་འདོད་པའི་དངོས་པོ་དེ་ཉིད་སླར་ཡང་སྐྱེ་དགོས་ པར་འདོད་པས། དེ་ལྟར་ན་རང་གི་རྒྱུའི་དུས་ན་མི་གསལ་བའི་ཚུལ་གྱིས་ཡོད་པར་འདོད་པའི་མྱུ་གུ་ཆོས་ཅན། སླར་ཡང་སྐྱེ་བ་དོན་མེད་པར་འགྱུར་བར་ཐལ། རང་གི་བདག་ཉིད་དུ་གྲུབ་ཟིན་ནས་ཡོད་པའི་ཕྱིར་རོ། །མ་ཁྱབ་ན། ས་བོན་འབའ་ [005B] རང་གི་བདག་ཉིད་དུ་གྲུབ་ཟིན་ཀྱང་སླར་ཡང་བལྡབས་ནས་སྐྱེ་བའི་ཕྱིར། ཞེས་པའི་འགལ་བརྗོད་ཀྱི་ཐལ་འགྱུར་གཉིས་ཀྱིས་གནོད་པ་ཡིན་ལ། དེ་འདྲའི་ཐལ་འགྱུར་དེ་གཉིས་འདིར་ མདོར་བསྟན་དང། རྒྱས་བཤད་གཉིས་ཀྱི་སྒོ་ནས་བཤད་དོ། །དེ་ཡང་མདོར་བསྟན་གྱི་དེ་དག་ཅེས་པ། རྒྱས་བཤད་ཀྱི་བདག་གི་བདག་ཉིད་དུ་ཡོད་པ་ཞེས་པ་དང་སྦྱར། སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་རོ། །ཞེས་པ་རྒྱས་བཤད་ཀྱི་ ཡང་སྐྱེ་བ་ལ་དགོས་པ་མེད་དོ་ཞེས་པ་དང་སྦྱར། ཤིན་ཏུ་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་པ། རྒྱས་བཤད་ཀྱི་ཅི་སྟེ་ཡོད་ཀྱང་སྐྱེ་ན་ནམ་ཡང་མི་སྐྱེ་བར་མི་འགྱུར་རོ་ཞེས་པ་དང་སྦྱར་ཏེ། འདི་ལྟར་དེ་དག་སྟེ་དངོས་པོ་རྣམས་རང་གི་བདག་ཉིད་དུ་ གྲུབ་ཟིན་པ་ནི་སླར་ཡང་སྐྱེ་བ་དོན་མེད་པར་འགྱུར་ཏེ། སྐྱེ་བ་ནི་རང་གི་བདག་ཉིད་དུ་གྲུབ་པར་བྱ་བའི་ཕྱིར་ཡིན་པས་སོ། །གལ་ཏེ་དེ་ལྟར་སླར་ཡང་སྐྱེ་ན་ནི་ཤིན་ཏུ་ཐལ་བ་སྟེ། སྐྱེ་བའི་ཕྱི་མཐའ་ཐུག་མེད་དུ་འགྱུར་བའི་ཕྱིར་རོ། །ཞེས་མདོར་ བསྟན་དང། དངོས་པོ་བདག་གི་བདག་ཉིད་དེ་རང་གི་བདག་ཉིད་དུ་ཡོད་ཟིན་ནས་ནི་སླར་ཡང་སྐྱེ་བ་ལ་དགོས་པ་མེད་དོ། །རང་གི་བདག་ཉིད་དུ་གྲུབ་ཟིན་ནས་སླར་ཡང་སྐྱེ་མི་དགོས་པ་ཅི་ཡིན་ཞེ་ན། འདི་ཡིན་ཏེ་དངོས་པོ་གང་ཡང་སྐྱེ་བ་ནི་ དངོས་པོ་དེའི་བདག་ཉིད་ཐོབ་པའི་ཕྱིར་ཡིན་ལ། ཅི་སྟེ་ཡོད་ཀྱང་སྟེ་རང་གི་བདག་ཉིད་ཐོབ་ནས་ཡོད་དུ་ཟིན་ཀྱང་སླར་ཡང་སྐྱེ་ན་ནི། དུས་ནམ་གྱི་ཚེ་ཡང་སྐྱེ་བ་རྫོགས་པའི་མཐའ་མི་རྙེད་པ་ཡིན་པས། ནམ་ཡང་མི་སྐྱེ་བར་མི་འགྱུར་རོ། །དོན་་༄༅། །བསྡུ་ན་གྲངས་ཅན་གྱི་བདག་སྐྱེ་ཡོད་པའི་དོན། རྒྱུའི་དུས་ནས་རང་གི་བདག་ཉིད་ཐོབ་ཟིན་ནས་ཡོད་པ་དེ་ཉིད་སྐྱེའོ་ཞེས་པ་དེ་ཡིན་ལ། མྱུ་གུ་ལྟ་བུ་ས་བོན་གྱི་དུས་ནས་རང་གི་བདག་ཉིད་མ་ཐོབ་པ་དེ་ཉིད་ ས་བོན་གྱི་སྐད་ཅིག་གཉིས་པར་མྱུ་གུའི་བདག་ཉིད་ཐོབ་པའི་ཕྱིར་དུ་སྐྱེ་བ་ཡིན་ལ། གལ་ཏེ་ས་བོན་གྱི་དུས་ཉིད་ནས་མྱུ་གུའི་ངོ་བོར་རྫོགས་པར་གྲུབ་ཟིན་ན་ནི། རང་གི་ངོ་བོ་རྫོགས་ཟིན་ནས་གཞན་སུ་ཞིག་གི་ངོ་བོ་ཐོབ་པའི་ཕྱིར་སྐྱེ། དེས་ ན་ས་བོན་གྱི་དུས་ནས་གྲུབ་ཟིན་པ་དེ་སླར་ཡང་སྐྱེ་བ་མི་འཐད་དོ། །ཅི་སྟེ་ཡང་རང་གི་བདག་ཉིད་རྫོགས་པ་ཐོབ་ཟིན་ནས་སླར་ཡང་སྐྱེ་ན་ནི་མྱུ་གུ་དེ་ཉིད་ཡང་ནས་ཡང་དུ་སྐྱེ་བས། དེའི་སྐྱེ་བ་སྲིད་པའི་མཐར་ཐུག་གི་བར་དུ་ཡང་མི་ རྫོགས་པར་འགྱུར་རོ་སྙམ་དུ་དགོངས་པའོ། །འདི་ཡང་རང་འགྲེལ་ལས། གང་གི་ཕྱིར་བདག་ཉིད་ཡོད་པ་ཐོབ་པ་དེ་ཉིད་མྱུ་གུའི་རང་གི་བདག་ཉིད་ཡོད་བཞིན་པ་དེ་ཉིད་ལས་འབྱུང་བ་ལ་ཡོན་ཏན་ལྷག་པ་འགའ་ཡང་ཡོད་པ་མ་ཡིན་ཏེ་ ཡོད་པ་ཉིད་སྔར་ཐོབ་ཟིན་པའི་ཕྱིར་རོ། །ཞེས་སོགས་དང་གནད་གཅིག་གོ་འགྲེལ་པ་དེ་ལ་ལེགས་ལྡན་འབྱེད་ཀྱིས་སྐྱོན་བརྗོད་པ་ནི་ཤེས་རབ་སྒྲོན་མར། དེ་ནི་རིགས་པ་མ་ཡིན་ཏེ། གཏན་ཚིགས་དང་དཔེ་མ་བརྗོད་པའི་ཕྱིར་དང་ གཞན་གྱིས་སྨྲས་པའི་ཉེས་པ་མ་བསལ་བའི་ཕྱིར་རོ། །གླགས་ཡོད་པའི་ཚིག་ཡིན་པའི་ཡང་ཕྱིར། སྐབས་ཀྱི་དོན་ལས་བཟློག་པས་བསྒྲུབ་པར་བྱ་བ་དང་དེའི་ཆོས་བཟློག་པའི་དོན་མངོན་པས། དངོས་པོ་རྣམས་གཞན་ལས་སྐྱེ་བར་ [006B] སྐྱེ་བ་འབྲས་བུ་དང་བཅས་པ་ཉིད་དུ་འགྱུར་བ་དང། སྐྱེ་བ་ཐུག་པ་ཡོད་པར་འགྱུར་བའི་ཕྱིར། གྲུབ་པའི་མཐའ་དང་འགལ་བར་འགྱུར་རོ། །ཞེས་འབྱུང་ལ། འདིའི་སྐྱོན་གསུམ་བསྟན་ཏེ། རྟགས་དཔེ་ཡང་དག་མ་བརྗོད་པའི་ སྐྱོན་དང། ཉེས་པ་མ་བསལ་བའི་སྐྱོན་དང། གླགས་ཡོད་པའི་སྐྱོན་དང་གསུམ་མོ། །གོང་མ་གཉིས་མ་བསལ་བའི་ཕྱིར་རོ་ཞེས་པ་ཡན་གྱིས་བཤད་ལ། ཕྱི་མ་ནི། སྐབས་ཀྱི་དོན་ཞེས་པ་ནས་འགལ་བར་འགྱུར་རོ། །ཞེས་པའི་བར་གྱིས་ བཤད་དོ། །དེ་ཡང་གོ་བདེ་བར་བརྗོད་ན། འགྲེལ་ངག་དེ་ནི་རིགས་པ་མ་ཡིན་ཏེ། ཞེས་སྤྱིར་བཤད་ནས། མི་རིགས་ཚུལ་སོ་སོར་འཆད་པ་ལ་གོང་ལྟར་གསུམ་ལས། གཏན་ཚིགས་དང་དཔེ་མ་བརྗོད་པའི་ཕྱིར་དང། ཞེས་བཤད་ནས། གཏན་ ཚིགས་ནང་གི་སྐྱེ་མཆེད་རྣམས་ཆོས་ཅན། དོན་དམ་པར་བདག་ལས་མི་སྐྱེ་སྟེ། ཡོད་པའི་ཕྱིར། ཞེས་པ་ལྟ་བུའི་བདག་སྐྱེ་འགོག་ནུས་ཤིག་མ་བརྗོད་ཅིང། དཔེ་ཤེས་པ་བཞིན། ཞེས་པ་ལྟ་བུ་རྟགས་ཆོས་གཉིས་ལྡན་ཞིག་ཀྱང་མ་བརྗོད་ པའི་ཕྱིར། དམ་བཅས་པ་ཙམ་དུ་ཟད་དོ། །གཞན་གྱིས་སྨྲས་པའི་ཉེས་པ་མ་བསལ་བའི་ཕྱིར་རོ། །ཞེས་བྱ་བ་ལ་གཞན་གྲངས་ཅན་གྱིས་འདི་སྐད་དུ། ཁྱོད་ཀྱིས་བདག་ལས་མི་སྐྱེ་ཟེར་བ་དེ། མངོན་པར་གསལ་ཟིན་གྱི་དངོས་པོ་བདག་ ལས་མི་སྐྱེ་ཟེར་བ་ཡིན་ནམ། མངོན་པར་མི་གསལ་བའི་ཚུལ་གྱིས་ཡོད་པའི་དངོས་པོ་བདག་ལས་མི་སྐྱེ་ཟེར་བ་གང་ཡིན། དང་པོ་ལྟར་ན་གསལ་ཟིན་མི་སྐྱེ་བ་དེ་ཁོ་བོ་ཅག་གི་ལུགས་ལ་ཡང་གྲུབ་ཟིན་པ་ཡིན་པས། དེ་སླར་ཡང་ཁོ་བོ་ [007A]༄༅། །ཅག་གི་ངོར་བསྒྲུབ་པ་ནི་འབྲེལ་མེད་ལ། གཉིས་པ་ལྟར་ན། སྐྱེ་ལྡན་གྱི་དངོས་པོ་ཐམས་ཅད་རྒྱུ་མི་གསལ་བའི་ནུས་པའི་བདག་ཉིད་ལས་སྐྱེ་བས་ཁྱབ་པ་ཁྱོད་རང་ཡང་འདོད་དགོས་པས་བདག་ལས་མི་སྐྱེ་སྟེ་ ཞེས་དམ་བཅའ་བ་དང་འགལ་ལོ། །ཞེས་དམ་བཅའ་ལ་སྨྲས་པའི་ཉེས་པ་མ་བསལ་བའི་ཕྱིར་མི་རིགས་སོ། །ཞེས་བཤད་དོ། །དེར་མ་ཟད་གླགས་ཡོད་པའི་ཚིག་ཡིན་པའི་ཡང་ཕྱིར། ཞེས་བྱ་བ་ལ། རྒོལ་པ་གཞན་གྱི་རྩོད་པས་ སྐབས་རྙེད་པའི་ཚིག་ཡིན་པའི་ཕྱིར་ཡང་མི་རིགས་སོ། །སྐབས་རྙེད་པའི་རྒྱུ་མཚན་ཅི་ཞེ་ན། ཁྱོད་ཀྱི་འགྲེལ་ངག་སོར་བཞག་ན་འབྲེལ་མེད་པས་བཟློག་དགོས་ཞེས་འཆད་པ་ལ། སྐབས་ཀྱི་དོན་ལས་བཟློག་པས། ཞེས་ གསུངས། འགྲེལ་ངག་སྒྲ་སོར་བཞག་པ་ལ་སྐྱོན་ཅི་ཡོད་ཅེ་ན། འདི་ལྟར་ཡོད་དེ། དངོས་པོ་རྣམས་ཆོས་ཅན། བདག་ལས་སྐྱེ་བ་མེད་དེ་སྐྱེ་བ་དོན་མེད་དང་ཐུག་མེད་ཡིན་པའི་ཕྱིར། ཞེས་བྱ་བ་འདི་ཡིན་ལ། སྦྱོར་བ་དེའི་རྟགས་སཾ་ ཕྱོགས་ཆོས་མ་གྲུབ་པས་གང་ཡང་སྒྲུབ་མི་ནུས་པས་སྦྱོར་བའི་སྐྱོན་ཤིན་ཏུ་ཆེའོ། །གལ་ཏེ་སྦྱོར་བ་དེའི་རྟགས་སུ། བདག་ལས་སྐྱེ་ན་སྐྱེ་བ་དོན་མེད་དང་ཐུག་མེད་དུ་འགྱུར་བ་འགོད་དོ་ཞེ་ན། མི་འཐད་དེ། སྦྱོར་བ་དེའི་ཕྱི་རྒོལ་གྱི་ ངོར་དངོས་པོ་རྣམས་བདག་ལས་སྐྱེ་ན་སྐྱེ་བ་དོན་མེད་དང་ཐུག་མེད་དུ་འགྱུར་བ་གྲུབ་པའི་ཚེ་བསྒྲུབ་བྱ་དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་པ་མ་གྲུབ་པ་མི་སྲིད་པའི་ཕྱིར་སྐྱོན་ཤིན་ཏུ་ཆེའོ། །དེས་ན་བཟློག་དགོས་པར་མངོན་ལ་ [007B] བསྒྲུབ་པར་བྱ་བ་དང། དེའི་ཆོས་བཟློག་པའི་དོན་མངོན་པས་དངོས་པོ་རྣམས་གཞན་ལས་སྐྱེ་བར་འགྱུར་བ་དང། སྐྱེ་བ་འབྲས་བུ་དང་བཅས་པར་འགྱུར་བ་དང། སྐྱེ་བ་ཐུག་པ་ཡོད་ པར་འགྱུར་བའི་ཕྱིར། ཞེས་གསུངས་ཏེ། འགྲེལ་ངག་གི་སྐབས་ཀྱི་སྦྱོར་བའི་དོན་ལས་བཟློག་དགོས་པ་གོང་དུ་བཤད་ཅིང། དེའི་བཟློག་ཚུལ། དངོས་པོ་རྣམས་ཆོས་ཅན། བདག་ལས་སྐྱེ་བ་མེད་དེ། སྐྱེ་བ་དོན་མེད་དང་ཐུག་མེད་ ཡིན་པའི་ཕྱིར། ཞེས་པའི་སྦྱོར་བ་འདི་འགྲེལ་ངག་དེའི་སྒྲ་སོར་བཞག་གི་སྐབས་ཀྱི་སྦྱོར་བ་ཡིན་ལ། སྦྱོར་བ་དེའི་བསྒྲུབ་པར་བྱ་བ་བཟློག་ནས་དངོས་པོ་རྣམས་གཞན་ལས་སྐྱེ་བ་འཕངས་པར་འགྱུར་བ་དང། དེའི་ཆོས་ཏེ་སྦྱོར་བ་ དེའི་ཕྱོགས་ཆོས་སམ། རྟགས་བཟློག་པས། དངོས་པོ་རྣམས་སྐྱེ་བ་འབྲས་བུ་དང་བཅས་པ་དང། ཐུག་པ་ཡོད་པ་སྟེ། དོན་བཅས་དང་ཐུག་བཅས་སུ་འགྱུར་བར་མངོན་པ་སྟེ་གསལ་ལོ། །འོ་ན་དེ་ལྟར་བཟློག་པ་ལ་སྐྱོན་ ཅི་ཡོད་ཅེ་ན། དེ་བསྟན་པའི་ཕྱིར། གྲུབ་པའི་མཐའ་དང་འགལ་བར་འགྱུར་རོ། །ཞེས་གསུངས། དེ་ཡང་གྲུབ་པའི་མཐའ་ནི་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱིས་རང་བཞིན་གྱིས་སྐྱེ་བ་འགོག་པའི་རིགས་པའི་བསྒྲུབ་བྱ་ཐམས་ཅད་ དགག་བྱ་བཅད་ཙམ་གྱི་མེད་དགག་ཏུ་བཤད་པས། འདིར་ཡང་བདག་སྐྱེ་བཅད་ཙམ་གྱི་མེད་དགག་བསྒྲུབ་བྱར་བྱེད་དགོས་པ་ལ། སྦྱོར་བ་འདིའི་བསྒྲུབ་བྱས་གཞན་སྐྱེ་འཕངས་ནས་མ་ཡིན་དགག་ཏུ་སོང་བས། གོང་དུ་བཤད་ [008A]༄༅། །པའི་ཀླུའི་ཞབས་ཀྱི་གྲུབ་པའི་མཐའ་དང་འགལ་བར་འགྱུར་རོ། །ཞེས་པའོ། །དེ་ཡང་སྐབས་ཀྱི་དོན་ལས་བཟློག་པས་ཞེས་པའི་སྐབས་ནི་འགྲེལ་ངག་སོ་ན་བཞག་པའི་སྐབས་སོ། །དོན་ནི་སྦྱོར་བའོ། ། བཟློག་པ་ནི་སོ་ན་བཞག་པ་ལ་འབྲེལ་མེད་པས་བཟློག་དགོས་པའོ་།བསྒྲུབ་པར་བྱ་བ་ནི་དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་པའོ་།དེའི་ཆོས་ནི་བསྒྲུབ་པར་བྱ་བ་དེའི་ཕྱོགས་ཆོས་ཏེ་རྟགས་དངོས་པོ་རྣམས་སྐྱེ་བ་དོན་མེད་པའམ་ འབྲས་བུ་མེད་པ་དང་ཐུག་པ་མེད་པའོ། །བཟློག་པའི་དོན་མངོན་པ་ནི་བསྒྲུབ་བྱ་དང་རྟགས་དེ་གཉིས་བཟློག་པའི་དོན་མངོན་པའོ་།དོན་གང་མངོན་ན་དངོས་པོ་རྣམས་གཞན་ལས་སྐྱེ་བར་འགྱུར་བ་དང། སྐྱེ་བ་འབྲས་བུ་དང་བཅས་ པ་ཉིད་དུ་འགྱུར་བ་དང་སྐྱེ་བ་ཐུག་པ་ཡོད་པར་འགྱུར་པ་རྣམས་རིམ་པ་བཞིན་མངོན་པའོ། །གྲུབ་པའི་མཐའ་དང་འགལ་བ་ནི་གོང་ལྟར་རོ། །སྐབས་འདིར་ལེགས་ལྡན་འབྱེད་ཀྱིས་སངས་རྒྱས་བསྐྱངས་ལ་སྐྱོན་བརྗོད་པའི་གཞི་ ནི༑ དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་དེ་ཞེས་དམ་བཅས་ནས། དེ་སྒྲུབ་པ་ན་དངོས་སུ་སྒྲུབ་བྱེད་ཚུལ་གསུམ་པའི་གཏན་ཚིགས་མ་བཀོད་པར་དམ་བཅའི་བཟློག་ཕྱོགས་ལ་གནོད་པ་སྟོན་པའི་ཐལ་འགྱུར་ཙམ་ཞིག་དངོས་ ཟིན་ལ་བསྟན་པ་དེ་ཡིན་ལ། སངས་རྒྱས་བསྐྱངས་ཀྱི་འདོད་པ་ལེན་ཚུལ་ནི་འདི་ལྟར་ཡིན་ཏེ། ཐལ་འགྱུར་ཙམ་གྱིས་ནི་རང་ལུགས་ཀྱི་དམ་བཅའ་འགྲུབ་པ་དང་དེ་ལ་ངེས་ཤེས་སྐྱེ་བར་མི་ནུས་པས་སངས་རྒྱས་བསྐྱངས་རང་ [008B]བརྗོད་ཡོད་པ་གཞིར་བཞག་ནས། དེ་ཡང་དངོས་ཟིན་གྱི་སྐྱེ་བ་དོན་མེད་དང་ཐུག་མེད་དང། བདག་ལས་སྐྱེ་ན་སྐྱེ་བ་དོན་མེད་དང་ཐུག་མེད་གཉིས་ནི་བདག་སྐྱེ་མེད་ པར་སྒྲུབ་པའི་རྟགས་སུ་ཧ་ཅང་མ་འབྲེལ་བས། སངས་རྒྱས་བསྐྱངས་རང་ཉིད་ཀྱང་མི་འདོད་པར་ངེས་ལ། དེས་ན་དེ་དག་གི་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་ཞེས་པ་དང། ཤིན་ཏུ་ཐལ་བར་འགྱུར་ཞེས་པའི་ཚིག་ཟུར་གྱི་འགྱུར་ཞེས་ པ་སྔ་ཕྱི་གཉིས་ཀྱིས་བཟློག་པ་འཕེན་པར་མངོན་ལ། ཇི་ལྟར་མངོན་ན། བདག་ལས་སྐྱེ་ན་སྐྱེ་བ་དོན་མེད་དང་ཐུག་མེད་དུ་འགྱུར་བ་ལས། སྐྱེ་བ་དོན་བཅས་དང་ཐུག་བཅས་ཡིན་པའི་ཕྱིར་བདག་ལས་མི་སྐྱེའོ། །ཞེས་པས་སྐྱེ་བ་དོན་ བཅས་དང་ཐུག་བཅས་འཕངས་ཤིང། དེ་ལྟར་འཕངས་པའི་སྐྱེ་བ་དོན་བཅས་དང་ཐུག་བཅས་དེ། དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་དེ་ཞེས་པའི་དམ་བཅའ་སྒྲུབ་པའི་རྟགས་སུ་བཀོད་པར་སངས་རྒྱས་བསྐྱངས་རང་ཉིད་ ཀྱིས་འདོད་པར་གདོན་མི་ཟའོ། །ཞེས་སངས་རྒྱས་བསྐྱངས་ཀྱི་དགོངས་པ་བླངས་ནས། དེ་ལྟར་རྟགས་སྐྱེ་བ་དོན་མེད་དང། ཐུག་མེད་ལས་ལོག་ནས་སྐྱེ་བ་དོན་བཅས་དང་ཐུག་བཅས་སུ་སོང་ཕྱིན་དམ་བཅའ་བདག་སྐྱེ་མེད་ པ་ཡང་གཞན་སྐྱེ་འཕེན་པའི་དགག་པར་མི་འགྲོ་བའི་དབང་མེད་དེ། རྟགས་སྐྱེ་བ་དོན་བཅས་དང་ཐུག་བཅས་སུ་སྨྲས་པ་ཉིད་ཀྱིས་དངོས་པོ་རྣམས་སྐྱེ་བ་གཞིར་བྱས་སུ་སྨྲས་ལ། སྐྱེ་བ་གཞིར་བྱས་ཀྱི་སྟེང་ནས་བདག་སྐྱེ་ [009A]༄༅། །བཀག་པ་ན། སྐྱེ་བ་ལ་བདག་སྐྱེ་དང་གཞན་སྐྱེ་གཉིས་སུ་ཁ་ཚོན་ཆོད་པས་གཞན་སྐྱེ་འཕེན་པ་ལས་མི་འདའ་བའི་ཕྱིར་རོ། །ལེགས་ལྡན་འབྱེད་རང་ཉིད་གཞན་སྐྱེ་འདོད་པས་སྐྱེ་བ་ལ་ཡང་དེ་གཉིས་སུ་ ངེས་པར་སྨྲའོ། །དེའི་ཕྱིར་བདག་སྐྱེ་མེད་ཅེས་པའི་དམ་བཅས་བདག་སྐྱེ་བཀག་ཤུལ་དུ་ཆོས་གཞན་གཞན་སྐྱེ་འཕངས་པས། བདག་སྐྱེ་བཅད་ཙམ་གྱི་མེད་དགག་ཏུ་མ་བསྡད་པར། དེ་འདྲའི་དམ་བཅའ་མ་ཡིན་དགག་ཏུ་ མི་ལོག་པའི་རང་དབང་མེད་དོ། །དེ་ཡང་སྦྱོར་བའི་རྟགས་སྐྱེ་བ་དོན་བཅས་དང་ཐུག་བཅས་སུ་ལོག་པ་ལ་བརྟེན་ནས། དེའི་དམ་བཅའ་བདག་སྐྱེ་མེད་ཅེས་པས་ཆོས་གཞན་འཕངས་པས་བདག་སྐྱེ་མེད་པ་ཙམ་དུ་མ་བསྡད་ པར༑ བདག་སྐྱེ་རྣམ་པར་བཅད་ཙམ་མ་ཡིན་པའི་མ་ཡིན་དགག་ཏུ་ལོག་དགོས་པ་ཡིན་གྱི། རྟགས་ལོག་པ་ལྟར། དམ་བཅའ་བདག་སྐྱེར་ལོག་དགོས་པ་དང། གཞན་སྐྱེར་ལོག་དགོས་པ་ནི་མིན་ནོ། །དོན་འདི་ལ་དགོངས་ ནས་རྣམ་བཤད་ཆེན་པོ་རིགས་པའི་རྒྱ་མཚོ་ལས། དངོས་ཟིན་གྱི་རྟགས་བཟློག་དགོས་ན་དངོས་ཟིན་གྱི་དམ་བཅའ་ཡང་བཟློག་དགོས་ཏེ་མཚུངས་པའི་ཕྱིར་རོ། །དེ་ལ་རྟགས་བཟློག་པ་ལྟར་བྱར་མེད་པས་བདག་སྐྱེ་རྣམ་པར་ བཅད་ཙམ་མིན་པ་བཟློག་པའི་དོན་ནོ། །ཞེས་གསུངས་ལ། དེ་ཡང་སྐབས་འདིའི་དངོས་ཟིན་གྱི་སྦྱོར་བ་ལ་ཡིན་གྱི། སྤྱིར་དང་སྐབས་འདིའི་ཡང་གྲངས་ཅན་ལ་འཕངས་པའི་ཐལ་འགྱུར་གྱི་རྟགས་བཟློག་པ་སོགས་མ་ཡིན་ཏེ་ [009B] འདི་ཐལ་ཆོས་ཀྱི་རྟགས་བཟློག་པ་མ་ཡིན་ཏེ་བསྒྲུབ་པར་བྱ་བ་བཟློག་པས་ཞེས་བཤད་པའི་ཕྱིར་དང། བདག་སྐྱེ་མེད་པ་རྟགས་སུ་མ་སྨྲས་པའི་ཕྱིར་རོ། །ཞེས་དེ་འདྲའི་ཐལ་འགྱུར་གྱི་རྟགས་བཟློག་པ་མ་ཡིན་པའི་ རྒྱུ་མཚན་དུ་ཤེར་སྒྲོན་དུ་ཡང་བསྒྲུབ་པར་བྱ་བ་བཟློག་པས་གཞན་ལས་སྐྱེ་བར་འགྱུར་ཞེས་བཤད་ཀྱི་རྟགས་བཟློག་པས་ཞེས་མ་བཤད་པའི་ཕྱིར་དང། འགྲེལ་པ་བུདྡྷ་པཱ་ལི་ཏར་ཡང། བདག་སྐྱེ་མེད་པ་ཐལ་འགྱུར་གྱི་རྟགས་སུ་མ་ བཀོད་པའི་ཕྱིར་རོ། །ཞེས་གསུངས་པ་ནི་རྗེ་བདག་ཉིད་ཆེན་པོས་དགོངས་པ་བླ་ན་མེད་པ་ཕྱུངས་པའོ། །དེས་ན་བདག་སྐྱེ་མེད་ཅེས་པ་འདི་མ་ཡིན་དགག་ཏུ་སོང་བ་འདིས། བདག་ལས་མ་ཡིན་ཞེས་པའི་དགག་པ་འདི། མེད་དགག་ཁོ་ ནར་སངས་རྒྱས་བསྐྱངས་རང་ཉིད་ཀྱང་འདོད་པར་མ་ཟད་ཐལ་རང་གི་ཤིང་རྟ་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་འགྲེལ་པ་མཐའ་དག་གི་འགངས་ཆེ་བའི་གྲུབ་མཐའ་ཡིན་པས་དེ་དང་འགལ་བར་འགྱུར་རོ་སྙམ་དུ་དགོངས་ པའོ༑ ༑དེ་ལྟར་སྦྱོར་བ་དེའི་བསྒྲུབ་བྱ་བཟློག་པས་གཞན་ལས་སྐྱེ་བར་འགྱུར་ཞེས་གསུངས་པ་ཡང་གཞན་སྐྱེ་བསྒྲུབ་བྱར་འགྱུར་ཞེས་གསུངས་པ་མ་ཡིན་གྱི། སྐྱེ་བ་དོན་བཅས་དང་ཐུག་བཅས་ཀྱི་སྟེང་ནས་བདག་ལས་མི་སྐྱེ་ ཕྱིན་གཞན་སྐྱེ་ལས་འོས་མེད་ཅེས་གཞན་སྐྱེ་འཕངས་བྱར་བཟུང་ནས། བདག་སྐྱེ་བཀག་པ་ཙམ་མ་ཡིན་པའི་མ་ཡིན་དགག་བསྒྲུབ་བྱར་བྱེད་དགོས་པ་ལེགས་ལྡན་འབྱེད་ཀྱི་དགོངས་པའོ། །དེའི་ཕྱིར་འདི་ནི་རྣམ་བཤད་ཆེན་མོ་ལས་ [010A]༄༅། །དེའི་ཚེ་སྐྱེ་བ་དོན་དང་ཐུག་བཅས་ཡིན་པའི་ཕྱིར་དངོས་པོ་རྣམས་བདག་སྐྱེ་རྣམ་པར་བཅད་པ་ཙམ་མིན་ནོ་ཞེས་པས་གཞན་ལས་སྐྱེ་བར་འགྱུར་རོ། །ཞེས་གསུངས་པའི་དགོངས་དོན་རྨ་མེད་པའོ། །དོན་བསྡུ་ ན༑ མདོར་བསྟན་གྱི་འགྲེལ་ངག་འདིའི་དངོས་ཟིན་ལ་ནི། དངོས་པོ་རྣམས་ཆོས་ཅན། སྐྱེ་བ་དོན་མེད་དང་ཐུག་མེད་ཡིན་པར་ཐལ། བདག་ལས་སྐྱེ་བའི་ཕྱིར། ཞེས་པའི་ཐལ་འགྱུར་འདི་ལས་མ་བསྟན་ལ་ཐལ་འགྱུར་འདིས་བཟློག་ པ་སྒྲུབ་བྱེད་འཕངས་པ་ནི། དངོས་པོ་རྣམས་ཆོས་ཅན། བདག་ལས་མི་སྐྱེ་སྟེ། སྐྱེ་བ་དོན་བཅས་དང་ཐུག་བཅས་ཡིན་པའི་ཕྱིར་ཞེས་པ་འདི་ཡིན་པས། སྐྱེ་བ་དོན་བཅས་དང་ཐུག་བཅས་སྦྱོར་བའི་རྟགས་སུ་བཀོད་པ་འདིས། དངོས་པོ་ རྣམས་བདག་ལས་མི་སྐྱེ་ཞེས་པའི་དམ་བཅའ་མ་ཡིན་དགག་ཏུ་སོང་དེ་སོང་བས་ཀླུ་སྒྲུབ་ཀྱི་གྲུབ་མཐའ་དང་འགལ་ཞེས་སངས་རྒྱས་བསྐྱངས་ཀྱི་འགྲེལ་པའི་ཤིན་ཏུ་ཐལ་བར་འགྱུར་བའི་ཕྱིར་རོ་།ཞེས་པ་ཡན་ལ་སྐྱོན་བརྗོད་པ་ ནི༑ མདོར་བསྟན་རྒྱས་བཤད་སྦྱོར་ཚུལ་མ་དགོངས་པར། བདག་ལས་མི་སྐྱེ་ཞེས་པའི་དམ་བཅའ་དེ་དངོས་སུ་སྒྲུབ་པའི་སྒྲུབ་བྱེད་ཚུལ་གསུམ་པའི་གཏན་ཚིགས་ཤིག་ངེས་པར་འགོད་དགོས་པ་སངས་རྒྱས་བསྐྱངས་དང་མི་ མཐུན་པ་མེད་པར་བཟུང་བ་ལ་ཐུག་ཅིང། མདོར་བསྟན་རྒྱས་བཤད་སྦྱོར་ཚུལ་མ་དགོངས་པ་འདིས་ནི། སླར་ཡང་གི་དོན་མ་དགོངས་པ་ཡང་གསལ་བར་འགྲུབ་བོ། །དེའི་ཕྱིར་འདི་ལྟ་བུའི་ཚུལ་གྱིས་སླར་ཡང་གི་དོན་མ་དགོངས་ [010B]ཚིག་བཙམ་ཞིག་མ་དགོངས་སོ། །ཞེས་རང་ལུགས་ལ་མདོར་བསྟན་གྱི་སྐབས་སུ་སླར་ཡང་ཞེས་པའི་ཚིག་འདི་སྦྱར་ནས། དངོས་པོ་རྣམས་ཆོས་ཅན། སླར་ཡང་སྐྱེ་བ་ དོན་མེད་པར་ཐལ། བདག་ལས་སྐྱེ་བའི་ཕྱིར། ཞེས་པའི་ཐལ་འགྱུར་འདི་ཁོ་ན་འགོད་ཐུབ་པ་ཙམ་གྱིས་ཆོག་པར་བཟུང་བར་མི་བྱའོ་།དེས་ན་རྣམ་བཤད་རིགས་པའི་རྒྱ་མཚོ་ལས། ལེགས་ལྡན་གྱིས་ཀྱང་སླར་ཡང་སྐྱེ་བ་དོན་མེད་དང་ ཐུག་མེད་དུ་ཐལ་བ་འཕངས་པ་མ་དགོངས་པར་སྤྱིར་སྐྱེ་བ་དོན་དང་ཐུག་མེད་དུ་ཐལ་བ་འཕངས་པར་བཟུང་ནས་བཟློག་དོན་ཁས་ལེན་དགོས་ཞེས་སྨྲས་པར་ །ཞེས་གསུངས་པ་ཡང་གོང་ལྟར་ཡིན་ཏེ། སྟོང་ཐུན་ཆེན་མོ་ལས་ཀྱང་ སླར་ཡང་ཞེས་པའི་ཚིག་གཉིས་པོ་དེ་ཀ་རང་མ་དགོངས་པར་ནམ་གྱིས་འཚང་བའི་གནོད་པ་བརྗོད་པར་ཟུར་ཙམ་ཡང་མ་གསུངས་སོ་།ཞེས་གསུངས་པའི་ཕྱིར་རོ། །དེ་ལྟ་བུའི་དགག་པ་སངས་རྒྱས་བསྐྱངས་ལ་མི་འཇུག་པའི་ཚུལ་དཔལ་ ལྡན་ཟླ་གྲགས་ཀྱིས་ཚིག་གསལ་དུ་བཤད་པ་རྣམས་མདོར་བསྡུས་ཤིག་བཤད་ན། སྐྱོན་འདི་དག་ཐམས་ཅད་ནི་རིགས་པ་མ་ཡིན་པར་ཁོ་བོ་ཅག་གིས་མཐོང་ངོ་ཞེས་སྤྱིར་བཤད་ནས། སོ་སོར་འཆད་པ་ལ་ཇི་ལྟར་ཞེ་ན། ཞེས་མཚམས་ སྦྱར་ནས། ཐོག་མར་གཏན་ཚིགས་དང་དཔེ་མ་བརྗོད་པའི་སྐྱོན་སྤོང་བ་ལ། དེ་ལ་རེ་ཞིག་གཏན་ཚིགས་དང་དཔེ་མ་བརྗོད་པའི་ཕྱིར། ཞེས་གང་སྨྲས་པ་དེ་ནི་མི་རིགས་སོ། །ཅིའི་ཕྱིར་ཞེ་ན་གང་གི་ཕྱིར་བདག་ལས་ཞེས་བྱ་བ་ནི་ཡོད་པ་རྒྱུ་༄༅། །ཉིད་དང་དེ་ཉིད་སྐྱེའོ་ཞེས་སྨྲས་པ་ཡིན་ལ། ཡོད་པ་ནི་ཡང་སྐྱེ་བ་ལ་དགོས་པ་མ་མཐོང་ཞིང། ཐུག་པ་མེད་པར་ཡང་མཐོང་ལ། ཁྱོད་ཀྱིས་སྐྱེས་པ་སླར་ཡང་སྐྱེ་བར་མི་འདོད་ཅིང་ཐུག་པ་མེད་པར་ཡང་ མི་འདོད་དོ། །དེའི་ཕྱིར་ཁྱེད་ཅག་གི་རྩོད་པ་ནི་འཐད་པ་དང་བྲལ་བ་དང། རང་གིས་ཁས་བླངས་པ་དང་འགལ་བ་ཡིན་ནོ། །ཞེས་ཕ་རོལ་པོ་བདག་ལས་སྐྱེ་བར་འདོད་པ་ལ་འདྲི་བར་བྱེད་པ་ཡིན་ཏེ་གང་ལས་གཏན་ཚིགས་དང་དཔེ་ བཀོད་པ་འབྲས་བུ་དང་བཅས་པར་འགྱུར་བ་འདི་དག་ཙམ་ཞིག་གིས་བརྩད་པ་ན། ཅི་ཕ་རོལ་པོ་ཁས་ལེན་པར་མི་བྱེད་དམ། འོན་ཏེ་ཕ་རོལ་པོ་རང་གིས་ཁས་བླངས་པ་དང་འགལ་བས་རྩོད་པས་ཀྱང་མི་བཟློག་ན་ནི། དེའི་ཚེ་ངོ་ ཚ་མེད་པ་ཉིད་ཀྱིས་གཏན་ཚིགས་དང་དཔེ་གཉིས་ཀྱིས་ཀྱང་བཟློག་པར་མི་འགྱུར་བའི་བདག་ཉིད་དོ། །ཁོ་བོ་ཅག་ནི་བསྙོན་པ་དང་ལྷན་ཅིག་རྩོད་པ་ཡང་མ་ཡིན་ནོ། །དེའི་ཕྱིར་སློབ་དཔོན་ནི་གནས་མ་ཡིན་པར་ཡང་རྗེས་སུ་ དཔག་པ་འཚང་བར་བྱེད་པ་ནི་བདག་ཉིད་རྗེས་སུ་དཔག་པ་ལ་དགའ་བ་ཉིད་མངོན་པར་བྱེད་པ་ཡིན་ནོ། །ཞེས་གསུངས། དེ་ཡང་སྐབས་འདིར་རང་རྒྱུད་ཀྱི་དཔེ་རྟགས་བརྗོད་པ་ལ་དགོས་པ་མེད་དེ། གྲངས་ཅན་གྱིས་བདག་ལས་ སྐྱེ་ཞེས་པའི་དོན་རྒྱུ་དུས་ནས་རང་གི་བདག་ཉིད་དུ་ཡོད་པ་དེ་ཉིད་སླར་ཡང་སྐྱེ་བ་ལ་འདོད་ལ། དེ་ལྟར་ས་བོན་གྱི་དུས་ནས་མེད་ན་མི་སྐྱེ་བར་རྩོད་པ་ནི་འཐད་པ་དང་འབྲལ་བ་དང་ཁྱོད་རང་གི་ཁས་བླངས་རང་གི་བདག་ཉིད་དུ་གྲུབ་ [011B]ནོ། །ཞེས་པ་གཉིས་ཀྱིས་ཕ་རོལ་གྲངས་ཅན་ལ་རྒོལ་བ་ན། རང་གི་ཁས་བླངས་ལ་ནང་འགལ་མཐོང་ནས་བདག་སྐྱེ་ཁས་ལེན་པ་ལས་བཟློག་པར་འགྱུར་ཞིང། དེ་ལྟར་ ནང་འགལ་མཐོང་ཡང་མི་བཟློག་ན་ནི། རང་རྒྱུད་ཀྱི་དཔེ་རྟགས་ཀྱིས་ཀྱང་བཟློག་པར་མི་ནུས་ཏེ། དེ་འདྲའི་ཕྱི་རྒོལ་བ་དེ་ནི་བསྙོན་པ་སྟེ་ཧམ་བྱེད་པ་ཡིན་ལ། བསྙོན་ཧམ་བྱེད་པ་དང་ལྷན་ཅིག་ཏུ་རྩོད་མི་རིགས་པའི་ཕྱིར་རོ། །དེའི་ ཕྱིར་སློབ་དཔོན་ལེགས་ལྡན་འབྱེད་ནས་ཕྱི་རྒོལ་བ་བསྙོན་བྱེད་པ་ལ་ཡང་རང་རྒྱུད་ཀྱི་རྗེས་སུ་དཔག་པ་ནན་གྱིས་འཚང་བར་བྱེད་པ་ནི་སློབ་དཔོན་རང་ཉིད་རང་རྒྱུད་ཀྱི་རྗེས་དཔག་ལ་དགའ་བ་ཙམ་དུ་ཟད་དོ། །དེར་མ་ཟད། གཞན་ ཡང༑ དབུ་མ་པ་ཡིན་ན་རང་རྒྱུད་ཀྱི་གཏན་ཚིགས་ཁས་ལེན་མི་རིགས་པས་ཁྱབ་སྟེ། དབུ་མ་ཞེས་པ་མཐའ་གཉིས་དང་བྲལ་བ་ལ་ཟེར་ཞིང། མཐའ་གཉིས་དང་བྲལ་བའི་ལྟ་བ་ཇི་ལྟ་བ་བཞིན་ཁས་ལེན་པར་འདོད་ན། རང་གི་མཚན་ཉིད་ ཀྱིས་གྲུབ་པའི་ཚུལ་གསུམ་ཁས་ལེན་པ་ལས་བཟློག་དགོས་པའི་ཕྱིར་དེ་ལྟར་རང་རྒྱུད་ཀྱི་དོན་རང་དབང་ལ་བྱེད་པར་ཊཱིཀ་ཆེན་ལས་གསུངས། ཡང་ཚིག་གསལ་ལས། དབུ་མ་པ་ཡིན་ན་ནི་རང་རྒྱུད་ཀྱི་རྗེས་སུ་དཔག་པ་བྱ་བར་རིགས་པ་ཡང་མ་ ཡིན་ཏེ། ཕྱོགས་གཞན་ཁས་བླངས་པ་མེད་པའི་ཕྱིར་རོ། །ཞེས་གསུངས་སོ། །འོ་ན་རང་རྒྱུད་ཀྱི་རྗེས་དཔག་མི་བརྗོད་ཀྱང། གཞན་གྲགས་ཀྱི་གཏན་ཚིགས་སྐྱོན་མེད་གཅིག་ངེས་པར་བརྗོད་དགོས་པ་ལ་མ་བརྗོད་དོ་སྙམ་ན། དེ་ནི་ཕྱི་ [012A]༄༅། །རྒོལ་ཐམས་ཅད་ལ་བརྗོད་མི་དགོས་ཤིང། གལ་ཏེ་འགའ་ཞིག་ལ་བརྗོད་དགོས་ན་ཡང་བརྗོད་པ་ཡིན་ཏེ། ཚིག་གསལ་ལས། དེ་ཡང་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་བརྗོད་པ་ཉིད་ཡིན་ནོ་།ཇི་ ལྟར་ཞེ་ན། གང་གི་ཕྱིར་དེས་ནི་འདི་སྐད་དུ་བཤད་པ་ཡིན་ཏེ་དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་དེ། དེ་དག་གི་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་དང། ཞེས་བཤད་པའི་ཕྱིར་རོ་།དེ་ལ་དེ་དག་ཅེས་བྱ་བ་འདིས་ནི་རང་གི་ བདག་ཉིད་དུ་ཡོད་པ་འཛིན་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདིར་རང་གི་བདག་ཉིད་དུ་ཡོད་པ་དག་ལ་ནི། ཡང་སྐྱེ་བ་ལ་དགོས་པ་མེད་དོ། །ཞེས་བྱ་བ་འདི་ནི་མདོར་བཞག་པའི་ངག་དེའི་འགྲེལ་པའི་ངག་ཡིན་ལ། ངག་འདིས་ནི་ཆོས་མཐུན་ པའི་དཔེ་གཞན་ལ་རབ་ཏུ་གྲགས་པ་བསྒྲུབ་པར་བྱ་བ་དང། སྒྲུབ་པར་བྱེད་པའི་ཆོས་དང་ལྡན་པ་ཉེ་བར་བཟུང་བ་ཡིན་ནོ། །དེ་ལ་རང་གི་བདག་ཉིད་དུ་ཡོད་པ་ཞེས་བྱ་བ་འདིས་ནི་གཏན་ཚིགས་འཛིན་པ་ཡིན་ནོ། །ཞེས་གསུངས་ དོན་ནི། དེ་ལྟར་གཞན་གྲགས་ཀྱི་རྟགས་དཔེ་ཡང་བརྗོད་པ་ཡིན་ཏེ་དེ་དག་གི་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར། ཞེས་པ་མདོར་བསྟན་པ་དང། བདག་གི་བདག་ཉིད་དུ་ཡོད་པ་ལ་ནི་ཡང་སྐྱེ་བ་ལ་དགོས་པ་མེད་དོ། །ཞེས་ པ་འདི་གོང་གི་མདོར་བསྟན་རྒྱས་པར་འགྲེལ་བའི་ངག་ཡིན་ལ། ངག་དེས་རྟགས་དཔེ་བསྟན་པའི་ཕྱིར་རོ། །བསྟན་ཚུལ་ནི། དངོས་པོ་ཞེས་པས་ཆོས་ཅན་དང། བདག་གི་བདག་ཉིད་དུ་ཡོད་པ་ཞེས་པས་གཏན་ཚིགས་དང། རྣམས་ [012B] མདོར་བསྟན་གྱི་དེ་དག་ཅེས་པས། རྒྱས་བཤད་ཀྱི་བདག་གི་བདག་ཉིད་དུ་ཡོད་པ་འཛིན་ལ། བདག་གི་བདག་ཉིད་དུ་ཡོད་པ་ཞེས་པས་གཏན་ཚིགས་འཛིན་པའི་ཕྱིར་དང། གཏན་ ཚིགས་འཛིན་པའི་སྐབས་སུ་ཚིག་གསལ་ལས། རྣམས་ཞེས་པ་དོར་ནས་རང་གི་བདག་ཉིད་དུ་ཡོད་པ་ཞེས་གསུངས་པས་ན། རྣམས་ཞེས་པའི་མང་ཚིག་གིས་མཐུན་དཔེ་བསྟན་པར་གཟུང་བར་བྱའོ། །དེའི་ཕྱིར་ཡན་ལག་ལྔ་དོན་ གྱིས་ཚང་བའི་སྒྲུབ་ངག་ནི་འདི་ཡིན་ཏེ། དངོས་པོ་རྣམས་ཆོས་ཅན། སླར་ཡང་སྐྱེ་བ་དོན་མེད་དེ། རང་གི་བདག་ཉིད་དུ་གྲུབ་ཟིན་ནས་ཡོད་པའི་ཕྱིར། དཔེར་ན། མངོན་པར་གསལ་ཟིན་གྱི་བུམ་པ་བཞིན། ཞེས་པའོ། །གཞན་ གྱིས་སྨྲས་པའི་ཉེས་པ་མ་བསལ་བའི་སྐྱོན་སྤོང་བ་ལ། ཚིག་གསལ་ལས། གཞན་གྱིས་སྨྲས་པའི་ཉེས་པ་མ་བསལ་བ་ཡང་མ་ཡིན་ནོ། །ཇི་ལྟར་ཞེ་ན། གྲངས་ཅན་པ་དག་མདུན་ན་གནས་པའི་བུམ་པ་མངོན་པར་གསལ་བའི་རང་བཞིན་ ཅན་ནི། ཡང་མངོན་པར་གསལ་བར་མི་འདོད་ཅིང། དེ་ཉིད་འདིར་དཔེ་ཉིད་དུ་གྲུབ་པའི་ངོ་བོ་ཡིན་པའི་ཕྱིར་ལ་ནུས་པའི་ངོ་བོར་གྱུར་ཅིང། མངོན་པར་གསལ་བའི་རང་བཞིན་ཅན་མ་ཡིན་པ་སྐྱེ་བ་བཀག་པས་ཁྱད་པར་དུ་བྱས་པ་ནི་ བསྒྲུབ་པར་བྱ་བ་ཡིན་པ་ཉིད་ཀྱི་ཕྱིར་གྲུབ་པ་ལ་སྒྲུབ་པའི་ཕྱོགས་ཀྱི་སྐྱོན་ཉིད་དུ་དོགས་པའམ་གཏན་ཚིགས་འགལ་བའི་དོན་ཉིད་དུ་དོགས་པ་ག་ལ་ཡོད། ཅེས་གསུངས། དོན་ནི། གཞན་གྲགས་ཀྱི་རྟགས་ལ་གཞན་གྱིས་གོང་དུ་ [013A]༄༅། །སྨྲས་པའི་ཉེས་པ་གཉིས་པོ་དེ་མ་བསལ་བའི་སྐྱོན་མེད་དེ། སྐབས་འདིའི་གཞན་གྲགས་ཀྱི་གཏན་ཚིགས་ནི་གྲངས་ཅན་གྱིས་རྒྱུ་དུས་ན་མངོན་པར་མི་གསལ་བར་ཡོད་པར་འདོད་པའི་མྱུ་གུ་ཆོས་ཅན་ སླར་ཡང་སྐྱེ་བ་དོན་མེད་དེ། རང་གི་བདག་ཉིད་དུ་གྲུབ་ཟིན་པའི་ཕྱིར། དཔེར་ན། མངོན་པར་གསལ་ཟིན་གྱི་བུམ་པ་བཞིན། ཞེས་པ་འདི་ཡིན་ལ། མངོན་པར་གསལ་ཟིན་གྱི་བུམ་པ་སླར་ཡང་སྐྱེ་དགོས་པར་གྲངས་ཅན་གྱིས་ མི་འདོད་ཅིང། དེ་ཉིད་གཏན་ཚིགས་འདིར་མཐུན་དཔེར་བཟུང་བས་ན་གཏན་ཚིགས་འགལ་བའི་དོགས་པ་མེད་ལ། གྲངས་ཅན་གྱིས་མངོན་པར་མི་གསལ་བར་འདོད་པའི་དངོས་པོ་སླར་ཡང་མི་སྐྱེ་བ་གྲངས་ཅན་ལ་མ་གྲུབ་ཅིང་ དེ་ཉིད་གཏན་ཚིགས་འདིར་སྒྲུབ་པས་ན་གྲུབ་ཟིན་བསྒྲུབ་པའི་སྐྱོན་ཡང་མེད་དོ། །བཟློག་དོན་ཁས་ལེན་དགོས་པའི་སྐྱོན་མེད་ཚུལ་ནི་ཚིག་གསལ་ལས། ཐལ་བར་འགྱུར་བ་བཟློག་པའི་དོན་དང་ཡང་ཕ་རོལ་པོ་ཉིད་འབྲེལ་ བ་ཡིན་གྱི་ཁོ་བོ་ཅག་ནི་མ་ཡིན་ཏེ་རང་ལ་དམ་བཅའ་བ་མེད་པའི་ཕྱིར་རོ། །དེའི་ཕྱིར་ཁོ་བོ་ཅག་ལ་གྲུབ་པའི་མཐའ་དང་འགལ་བ་ག་ལ་ཡོད། ཅེས་གསུངས། དོན་ནི། ལེགས་ལྡན་འབྱེད་ཀྱི་བསམ་ཚོད་ཀྱི་ཐལ་འགྱུར་དེ་ནི་ འགྲེལ་པའི་དོན་མ་ཡིན་པས། དེའི་བཟློག་དོན་ཁས་ལེན་དགོས་པའི་སྐྱོན་ག་ལ་ཡོད་འདིའི་ཐལ་འགྱུར་ནི་བཟློག་དོན་སྒྲུབ་པའི་ཕྱིར་འཕངས་པ་མ་ཡིན་པར། དངོས་པོ་རྣམས་རྒྱུ་དུས་ནས་གྲུབ་ཟིན་པར་ཡང་འདོད་ཅིང་ [013B]པར་ཡང་འདོད་པའི་གྲངས་ཅན་གྱི་ཁས་བླངས་དེ་ལ་ནང་འགལ་བསྟན་ནས་འགོག་པའི་ཕྱིར་དུ། དངོས་པོ་རྣམས་ཆོས་ཅན། སླར་ཡང་སྐྱེ་བ་དོན་མེད་དང་ཐུག་མེད་ཡིན་པར་ ཐལ༑ རང་གི་བདག་ཉིད་དུ་གྲུབ་ཟིན་པའི་ཕྱིར། ཞེས་པའི་འགལ་བརྗོད་ཀྱི་ཐལ་འགྱུར་ཙམ་ཞིག་བསྟན་པ་ཡིན་པས་ན། ཐལ་འགྱུར་དེའི་ཐལ་བ་སླར་ཡང་སྐྱེ་བ་དོན་མེད་དང་ཐུག་མེད་ལས་བཟློག་པའི་དོན། སླར་ཡང་སྐྱེ་བ་དོན་ བཅས་དང་ཐུག་བཅས་ནི། ཕ་རོལ་གྲངས་ཅན་གྱིས་ཁས་བླངས་པ་དང་འབྲེལ་གྱི། ཁོ་བོ་ཅག་སངས་རྒྱས་བསྐྱངས་ཀྱི་ཕྱོགས་ལ་ནི་དེ་འདྲའི་བཟློག་དོན་དམ་བཅའ་བའི་དམ་བཅའ་མེད་པའི་ཕྱིར་རོ་།དེས་ན་ཐལ་འགྱུར་ངེས་ གྲངས་ཅན་གྱིས་བདག་སྐྱེ་འདོད་པའི་ལོག་རྟོག་འགོག་པ་ཙམ་ཞིག་འདོད་ཀྱི། ཐལ་བའི་བཟློག་དོན་ཁས་བླངས་པ་ལ་བརྟེན་པའི་ཆོས་གཞན་སྒྲུབ་པ་འཕེན་པ་མི་འདོད་པས་ན། གྲུབ་མཐའ་དང་འགལ་བའི་སྐྱོན་ཡང་མེད་པ་ཡིན་ ནོ༑ ༑ཞེས་བྱ་བའི་དོན་ནོ། །དེ་ལྟར་བསྡུས་དོན་གྱི་ཚུལ་དུ་མདོ་ཙམ་ཞིག་གོ་བདེ་བར་བཤད་པ་ཡིན་ཞིང། ཚིག་དོན་མཐའ་དག་བཀྲོལ་ན་ཧ་ཅང་མང་བར་འགྱུར་བས་མ་བྲིས་སོ། །སྨྲས་པ། རིང་ནས་འདྲིས་པའི་ཉི་ཟེར་གྱིས་ བསྐྱངས་པའི། །བློ་གྲོས་འདབ་བརྒྱའི་ཕྲེང་བ་དགོད་པའི་དབུ་།རྨད་བྱུང་རྩོམ་པའི་དྲི་བཟང་འཁྱིལ་བ་ན། །མཁས་རྣམས་ཡིད་ཀྱི་བུང་བ་དབང་མེད་གཡོ། །དག་པའི་གཏན་ཚིགས་རང་བཞིན་དགའ་མ་ནི། །སྤེལ་ལེགས་ཚིག་གི་ [014A]༄༅། །དོ་ཤལ་གྱིས་སྤུད་ནས། །དམ་པའི་དོན་གྱི་བདུད་རྩི་ཐོགས་པ་གང། །མཁས་རྣམས་ཡིད་ཀྱི་བརྟན་པ་འགོག་ཕྱིར་འོངས་།ཞེས་བྱ་བ་ནི་བར་སྐབས་སུ་སྨྲས་པའི་ཚིག་གོ་ ༈ །།དེ་ནས་གཞན་ལས་སྐྱེ་ བ་ནི། རང་རྒྱུད་པ་མན་ཆད་ཀྱི་རང་སྡེ་རྣམས་དང་གཅེར་བུ་པ་སོགས་གཞན་སྡེ་འགའ་ཡང་འདོད་ལ། གཞན་སྐྱེ་འདོད་པ་རྣམས་ནི་རང་གི་མཚན་ཉིད་ཀྱིས་གྲུབ་པའི་རྒྱུད་གཞན་ལས། རང་གི་མཚན་ཉིད་ཀྱིས་གྲུབ་པའི་འབྲས་བུ་ གཞན་སྐྱེ་བར་འདོད་པ་ཤ་སྟག་གོ་དེ་ལྟ་བུའི་གཞན་སྐྱེ་འགོག་པ་ལ། བུདྡྷ་པཱ་ལི་ཏ་སྤྱན་རས་གཟིགས་བརྟུལ་ཞུགས་སུ་དྲངས་པ་ལས། དངོས་པོ་རྣམས་གཞན་ལས་ཀྱང་སྐྱེ་བ་མེད་དེ། ཅིའི་ཕྱིར་ཞེ་ན། ཐམས་ཅད་ལས་ཐམས་ ཅད་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་རོ། །ཞེས་གསུངས། དོན་ནི་དངོས་པོ་རྣམས་བདག་ལས་མི་སྐྱེ་བར་མ་ཟད། གཞན་ལས་ཀྱང་སྐྱེ་བ་མེད་དེ། རྒྱུ་མཚན་ཅིའི་ཕྱིར་ཞེ་ན། གཞན་སྐྱེའི་དོན་ནི་རང་དང་ངོ་བོ་ཐ་དད་པའི་རྒྱུ་གཞན་ ལས་སྐྱེ་བ་དེ་ཡིན་ཞིང། དེ་འདྲའི་རྒྱུ་འབྲས་ནི་གཅིག་ལ་གཅིག་མི་ལྟོས་པའི་འབྲེལ་མེད་ཡིན་ལ། དེ་ལྟར་མ་འབྲེལ་བཞིན་དུ་ཡང་སྐྱེ་ན་ནི། རྒྱུ་ཡིན་མིན་ཐམས་ཅད་ལས་འབྲས་བུ་ཡིན་མིན་ཐམས་ཅད་སྐྱེ་བར་ཐལ་བར་འགྱུར་བའི་ ཕྱིར་རོ། །ཞེས་བྱ་བའི་དོན་ཡིན་ནོ། །དེ་ལྟར་གསུངས་པ་ལ་ལེགས་ལྡན་འབྱེད་ཀྱིས་ཤེས་རབ་སྒྲོན་མར་སྐྱོན་བརྗོད་གསུངས་པ་ནི། དེ་ཉིད་ལས། དེས་ན་དེ་ལ་གླགས་ཡོད་པའི་ཚིག་ཡིན་པའི་ཕྱིར་བསྒྲུབ་པར་བྱ་བ་དང། སྒྲུབ་ [014B] དངོས་པོ་རྣམས་བདག་གམ་གཉིས་ཀའམ་རྒྱུ་མེད་ལས་སྐྱེ་བར་འགྱུར་བ་དང། འགའ་ཞིག་ལས་འགའ་ཞིག་སྐྱེ་བར་འགྱུར་བའི་ཕྱིར་ཕྱོགས་སྔ་མ་དང་འགལ་བར་འགྱུར་རོ། །གཞན་དུ་ན་ཡང་ཐམས་ ཅད་ལས་ཐམས་ཅད་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་དེ་ལ་སྒྲུབ་པ་དང་སུན་དབྱུང་བ་ཉིད་མེད་པའི་ཕྱིར། དེ་ནི་དོན་འབྲེལ་བ་མེད་པ་ཡིན་ཏེ། དཔེར་ན། གླ་སྒང་སླེ་ཏྲེས་སྐྱུ་རུ་ར་དག་རིམས་ལ་ཕན། །སྨད་འཚོང་རྣམས་ ལ་སྙིང་དུ་སྡུག་པ་འགའ་ཡང་མེད། །རྨིག་མའི་སྨིག་བདེའུ་དག་ནི་ལྕི་ཞིང་ཁ་བག་ཡོད། །ཟླ་བའི་འོད་ཟེར་དག་ནི་ཚ་བའི་དུས་ན་བསིལ། །ཞེས་བྱ་བ་ལྟ་བུར་འགྱུར་རོ། །ཞེས་གསུངས། དོན་ནི། སངས་རྒྱས་བསྐྱངས་ཀྱིས་འགྲེལ་ ཚུལ་དེས་ན་འགྲེལ་ངག་དེ་ལ་རྒོལ་བ་གཞན་གྱི་རྩོད་པའི་གླགས་ཡོད་པ་སྟེ་སྐབས་རྙེད་པའི་སྐྱོན་ཡོད་པས་མི་རིགས་སོ། །རྩོད་པའི་སྐབས་ཇི་ལྟར་རྙེད་ན། འགྲེལ་ངག་གི་སྦྱོར་བ་བཟློག་ན་ནི་བསྒྲུབ་པར་བྱ་བ་བཟློག་པས་དངོས་པོ་རྣམས་ བདག་གམ་གཉིས་ཀའམ་རྒྱུ་མེད་ལས་སྐྱེ་བར་འགྱུར་བ་དང། ཚིག་གསལ་དུ་དྲངས་པར་ཐལ་བར་འགྱུར་བའི་ཚིག་ཡིན་པའི་ཕྱིར་ཞེས་འབྱུང་ཡང་དོན་གཅིག་གོ་ སྒྲུབ་པར་བྱེད་པ་བཟློག་པས། འགའ་ཞིག་ལས་འགའ་ཞིག་སྐྱེ་བར་འགྱུར་བའི་ཕྱིར། ཕྱོགས་སྔ་ མ་ཀླུ་སྒྲུབ་ཀྱི་ལུགས་དང་འགལ་བའི་ཉེས་པར་འགྱུར་རོ། །དེ་ཡང་རྟགས་ཐམས་ཅད་ལས་ཐམས་ཅད་སྐྱེ་བ་བཟློག་པས་འགའ་ཞིག་ལས་འགའ་ཞིག་སྐྱེ་བར་འགྱུར་ཚུལ་ནི། དངོས་ཟིན་གྱི་སྦྱོར་བ་དངོས་པོ་རྣམས་ཆོས་ཅན། གཞན་ [015A]༄༅། །ལས་མི་སྐྱེ་སྟེ། ཐམས་ཅད་ལས་ཐམས་ཅད་སྐྱེ་བར་ཐལ་བའི་ཕྱིར། ཞེས་པ་འདི་ལ་ནི་གཞན་སྐྱེ་མེད་པར་སྒྲུབ་པའི་སྒྲུབ་བྱེད་ཚུལ་གསུམ་པའི་གཏན་ཚིགས་སངས་རྒྱས་བསྐྱངས་རང་ཉིད་འདོད་པ་ ཞིག་མེད་པར་མ་ཟད་ཧ་ཅང་འབྲེལ་མེད་པར་འོག་ནས་འཆད་པ་ལྟར་ཡིན་པས། ཐལ་བར་འགྱུར་ཞེས་པ་བཟློག་པ་འཕེན་པའི་ཚིག་ཡིན་པར་མངོན་ལ། དེ་ཡང་གལ་ཏེ་གཞན་ལས་སྐྱེ་ན་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་ཐལ་ བར་འགྱུར་བ་ལས། དེ་བཟློག་སྟེ་འགའ་ཞིག་ལས་འགའ་ཞིག་སྐྱེ་བའི་ཕྱིར་གཞན་ལས་མི་སྐྱེའོ་ཞེས་པའི་ཚུལ་གྱིས་བཟློག་ལ། དེ་ལྟར་རྟགས་འགའ་ཞིག་ལས་འགའ་ཞིག་སྐྱེ་བར་བཟློག་པའི་ནུས་པས། གཞན་སྐྱེ་མེད་ཅེས་ པས་དགག་བྱ་གཞན་སྐྱེ་བཀག་ཙམ་དུ་མ་བསྡད་པར་བསྒྲུབ་ཆོས་བདག་གམ་གཉིས་ཀའམ་རྒྱུ་མེད་ལས་སྐྱེ་བ་འཕེན་པའི་མ་ཡིན་དགག་ཏུ་སོང་ངོ། །དེར་སོང་བའི་ཉེས་པ་ནི། ཕྱོགས་སྔ་མ་ཀླུ་སྒྲུབ་ཀྱིས་གཞན་ལས་མིན་ཞེས་ གསུངས་པ་གཞན་སྐྱེ་བཀག་ཙམ་དུ་བཤད་པ་དང་འགལ་ལོ་སྙམ་དུ་དགོངས་སོ། །འོ་ན་སྒྲ་སོར་བཞག་པ་ལ་ཉེས་པ་ཅི་ཡོད་ཅེ་ན། དེ་བསྟན་པའི་ཕྱིར། གཞན་དུ་ན་ཡང། ཞེས་སོགས་གསུངས། དོན་ནི། དེ་ལྟར་ཐམས་ཅད་ ལས་ཐམས་ཅད་སྐྱེ་བར་འགྱུར་བའི་ཕྱིར་ཞེས་བྱ་བ་དེ་ཆོས་ཅན་དངོས་པོ་རྣམས་ཀྱི་སྟེང་དུ་མ་གྲུབ་པའི་ཕྱིར་ཕྱོགས་ཆོས་སུ་མི་རུང་ཞིང། ཕྱོགས་ཆོས་སུ་མི་རུང་བ་དེ་ལ་རང་ཕྱོགས་ཀྱི་དམ་བཅའ་གཞན་སྐྱེ་མེད་པ་སྒྲུབ་པ་ཡང་ [015B] གཞན་སྐྱེ་ཁས་ལེན་པ་ལ་མངོན་སུམ་ལས་སོགས་པའི་གནོད་པ་ཡང་འགྲེལ་ངག་དེས་མ་བསྟན་པས་ན་གཞན་ཕྱོགས་སུན་དཔྱུང་བ་ཉིད་ཀྱང་མེད་པའི་ཉེས་པ་ཡོད་པའི་ཕྱིར། དེ་ནི་སྔར་གཞན་ལས་ཀྱང་སྐྱེ་བ་མེད་ཅེས་ སྨྲས་ལ། དེའི་འོག་ཏུ་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་སྨྲས་པས་ན། དོན་གོང་འོག་གཉིས་འབྲེལ་བ་མེད་པ་ཉིད་ཡིན་ཏེ། དཔེར་ན་སེའུ་བཅུ་པའི་ངག་གླ་སྒང་སླེ་ཏྲེས། ཞེས་བྱ་བ་ནས། ཟླ་བའི་འོད་ཟེར་དག་ནི་ཚ་བའི་དུས་་ བསིལ། །ཞེས་པའི་བར་བཞིན་ཏེ། དེའི་རྐང་པ་དང་པོས་སྨན་དཔྱད་དང། གཉིས་པས་འདོད་པ་བསྟེན་པ་དང། གསུམ་པས་གཡོས་མཁན་དང། བཞི་པས་དུས་ཚིགས་ཀྱི་གནས་སྐབས་བསྟན་པས་ཚིག་གི་དོན་བཞི་པོ་ལྟག་འོག་མ་ འབྲེལ་བ་བཞིན་ནོ། །ཞེས་བྱ་བའི་དོན་ནོ། །དེས་ན་གོང་གི་གཞན་སྐྱེ་མེད་ཅེས་པ་གཞན་སྐྱེ་ཡོད་པ་ལ་ལོག་པ་མི་རུང་བ་ནི། གཞན་ལས་མིན་ཞེས་པ་འདི་དོན་དམ་པའི་གཞན་སྐྱེ་འགོག་པའི་སྐབས་ཡིན་པའི་ཕྱིར་དང། རྟགས་འགའ་ཞིག་ ལས་འགའ་ཞིག་སྐྱེ་བའི་སྟེང་ནས་གཞན་སྐྱེ་དངོས་སུ་བཀག་པ་ན། འགའ་ཞིག་ལས་སྐྱེ་ཞེས་པས་བདག་གམ་གཉིས་ཀའམ་རྒྱུ་མེད་ལས་སྐྱེ་བ་ཅི་རིགས་བསྟན་དགོས་པ་ཡང་གཞན་སྐྱེ་བཀག་པའི་སྟེང་ནས་འགའ་ཞིག་ལས་སྐྱེ་ ན་ནི། སྐྱེ་ཚུལ་དེ་གསུམ་ལས་མི་འདའ་བའི་ཕྱིར་རོ། །ཞེས་སངས་རྒྱས་བསྐྱངས་ཀྱི་དགོངས་པ་བླངས་ནས་དགག་པ་རྣམ་པ་གཉིས་མཛད་དོ། །འདིས་ནི་ལེགས་ལྡན་འབྱེད་ཀྱིས་སངས་རྒྱས་བསྐྱངས་གཞན་སྐྱེ་ཐ་སྙད་དུ་ཡང་༄༅། །མི་བཞེད་པ་མ་དགོངས་པ་གསལ་བར་འགྲུབ་བོ། །དེ་འདྲའི་སྐྱོན་སྤོང་བ་ན། ཚིག་གསལ་ལས། འདི་ལ་ཡང་དོན་འབྲེལ་བ་མེད་པ་ཡིན་ཏེ། གོང་ཁོ་ནར་བསྟན་ཟིན་པའི་ཕྱིར་དང། གཞན་གྱིས་དམ་ བཅའ་བའི་དོན་སུན་འབྱིན་པར་བྱེད་པ་ཡིན་པའི་ཕྱིར་དང། སུན་འབྱིན་པ་ཉིད་ཀྱང་ཡིན་པའི་ཕྱིར། འདི་ནི་གྱི་ནའོ། །དེས་ན་སླར་ཡང་འབད་པར་མི་བྱའོ། །ཞེས་གསུངས། དོན་ནི། བདག་སྐྱེ་འགོག་པའི་སྐབས་སུ་མ་ཟད་གཞན་སྐྱེ་ འགོག་པའི་སྐབས་ཀྱི་སྐྱོན་བརྗོད་འདི་ལ་ཡང་དོན་འབྲེལ་བ་མེད་པ་ཡིན་ཏེ། དེ་ལྟར་འབྲེལ་མེད་ཚུལ་གོང་ཁོ་ནར་བསྟན་ཟིན་པ་ཉིད་ཀྱིས་ཤེས་པའི་ཕྱིར་དང། ཅུང་ཟད་བཤད་ན། རང་རྒྱུད་ཀྱི་ཕྱོགས་སྒྲུབ་པའི་གཏན་ཚིགས་མེད་ ཀྱང་སྐྱོན་མེད་པར་མ་ཟད་དེ་འདྲའི་གཏན་ཚིགས་འགོད་མི་རིགས་ཤིང། གཞན་གྱིས་གཞན་སྐྱེ་ཡོད་པར་དམ་བཅའ་བའི་དམ་བཅའ་ནི་དངོས་པོ་རྣམས་ཆོས་ཅན། ཐམས་ཅད་ལས་ཐམས་ཅད་སྐྱེ་བར་ཐལ་གཞན་ལས་སྐྱེ་ པའི་ཕྱིར། ཞེས་པའི་ཐལ་འགྱུར་འདིས་སུན་འབྱིན་པར་བྱེད་ནུས་པའི་ཕྱིར། གཞན་ཕྱོགས་སུན་དབྱུང་བ་ཉིད་མ་ཡིན་པའི་སྐྱོན་མེད་པས་ན་སྐྱོན་བརྗོད་པ་འདི་ནི་གྱི་ན་སྟེ་ངན་པའོ། །རྒྱུ་མཚན་དེས་ན་སླར་ཡང་དེ་བཟློག་པའི་ ཕྱིར་འབད་པར་མི་བྱའོ། །དེས་ན་འདི་ནི་སུན་འབྱིན་པའི་ཐལ་བ་ཙམ་ཡིན་ནོ། །དེ་ལྟར་རྒྱུ་འབྲས་ཀྱི་འབྲེལ་བ་ངེས་པ་འགའ་ཞིག་ལས་འགའ་ཞིག་སྐྱེ་བའི་གཏན་ཚིགས་ཀྱིས། རང་གི་མཚན་ཉིད་ཀྱིས་གྲུབ་པའི་རྒྱུ་གཞན་ལས་ [016B] དངོས་པོ་རྣམས་ཆོས་ཅན། ཐམས་ཅད་ལས་ཐམས་ཅད་སྐྱེ་བར་ཐལ། གཞན་ལས་སྐྱེ་བའི་ཕྱིར། ཞེས་པའི་ཐལ་འགྱུར་གྱིས་བཟློག་པ་སྒྲུབ་བྱེད་དངོས་པོ་རྣམས་ཆོས་ཅན། གཞན་ ལས་མི་སྐྱེ་སྟེ། འགའ་ཞིག་ལས་འགའ་ཞིག་སྐྱེ་བའི་ཕྱིར། ཞེས་པ་འཕངས་ཀྱང། གཞན་སྐྱེ་བཅད་ཙམ་གྱི་གྲུབ་མཐའ་དང་མི་འགལ་ཏེ། གཏན་ཚིགས་དེས་གཞན་སྐྱེ་བཅད་པ་ཙམ་ཞིག་བྱེད་པའི་ཕྱིར་རོ། །འདི་ལ་དགོངས་ནས། རྗེ་ བདག་ཉིད་ཆེན་པོས། འདི་ལ་རྒྱུ་འབྲས་ངེས་པའི་གཏན་ཚིགས་ཀྱིས་གཞན་སྐྱེ་མེད་པར་སྒྲུབ་པར་ཡང་ནུས་པས་བཟློག་པ་འཕངས་ཀྱང་གྲུབ་མཐའ་དང་འགལ་བའི་སྐྱོན་མེད་དེ། གཞན་སྐྱེ་རྣམ་པར་བཅད་པ་ཙམ་ཞིག་བྱེད་པའི་ཕྱིར་ རོ། །ཞེས་གསུངས་པ་ཡིན་ནོ། ༈ །གཉིས་ཀ་ལས་སྐྱེ་བ་ནི་གཅེར་བུ་པ་རྣམས་འདོད་ལ། གྲངས་ཅན་ནི། མྱུ་གུ་ལྟ་བུ་རྒྱུ་ས་བོན་དང་རྐྱེན་ས་དང་ཆུ་ལུད་ལས་སོགས་པ་སྟེ། རྒྱུ་དང་རྐྱེན་དེ་གཉིས་ལ་རྣམ་པར་ཕྱེ་བ་དང་མ་ཕྱེ་བའི་ ཐ་སྙད་བྱེད་དེ། ཆ་ཐ་དད་པར་གནས་པ་མ་ཡིན་པ་དང། ཆ་ཐ་དད་པར་གནས་པའི་སྒོ་ནས་སོ། །དེ་ཡང་ས་བོན་ལྟ་བུ་མྱུ་གུ་དང་ཆ་ཐ་མི་དད་པའི་ཕྱིར། དེའི་རྒྱུ་རྣམ་པར་མ་ཕྱེ་བའོ་།ཆུ་ལུད་དང་ས་ལས་སོགས་པ་ནི་མྱུ་གུ་དང་ཆ་ཐ་དད་པའི་ ཕྱིར། དེའི་རྒྱུ་རྣམ་པར་ཕྱེ་བའོ། །གཅེར་བུ་པ་ནི། རྫ་བུམ་ལྟ་བུ་རང་རྒྱུ་འཇིམ་པའི་བདག་ཉིད་ལས་སྐྱེ་བས་ན་འཇིམ་པ་ལ་ལྟོས་ཏེ་བདག་སྐྱེ་དང། རྫ་མཁན་དང་འཁོར་ལོ་སོགས་ལ་ལྟོས་ཏེ་གཞན་སྐྱེར་འདོད་ཅིང། ལྷས་བྱིན་ལྟ་བུ་ཚེ་ [017A]༄༅། །སྔ་མའི་སྲོག་གི་བདག་ཉིད་དུ་ཡོད་པ་ལས་སྐྱེ་བས་ན་སྲོག་ལ་ལྟོས་ཏེ་བདག་སྐྱེ་དང། ཕ་མ་སོགས་ལ་ལྟོས་ཏེ་གཞན་སྐྱེར་འདོད་དོ། །དེ་འགོག་པ་ལ་བུདྡྷ་པཱ་ལི་ཏ་ལས། བདག་དང་གཞན་གཉིས་ལས་ཀྱང་ སྐྱེ་བ་མེད་དེ། གཉིས་ཀའི་སྐྱོན་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཞེས་གསུངས་ཏེ་གོ་སླའོ། ༈ །རྒྱུ་མེད་ལས་སྐྱེ་བ་ནི་རྒྱང་འཕེན་པ་ རྐྱང་ཕན་པ་ཞེས་འབྱུང་ཡང་དོན་གཅིག་གོ་ དག་འདོད་དོ། །དེ་ལ་དྲང་སྲོང་འཇིག་རྟེན་མིག་ཅེས་བྱ་བས་གྲངས་ཅན་གྱི་གྲུབ་མཐའ་ ཉེར་ལྔ་ཡོད་པའི་ནང་གི་གཅིག་ལ་བརྟེན་ནས་རྒྱང་འཕེན་གྱི་གྲུབ་མཐའ་འབུམ་བྱས་ཤིང། དེའི་རྗེས་སུ་འབྲང་བ་རྣམས་ནི་དངོས་པོ་རྣམས་ཆོས་ཅན། རྒྱུ་ལ་མི་ལྟོས་པར་རང་གི་ངོ་བོ་ཉིད་ལས་སྐྱེ་སྟེ་ ལུས་སྣ་ཚོགས་འགྲུབ་པའི་ཕྱིར་རོ། །དཔེར་ན། རྨ་བྱའི་མདོངས་ཀྱི་ཁ་དོག་སྣ་ཚོགས་པ་དངོས་པོ་གཞན་ལ་མི་ལྟོས་པར་རང་གི་ངང་གིས་འགྲུབ་པ་བཞིན་ནོ། ། འགྲེལ་པ་སྤྱན་རས་གཟིགས་བརྟུལ་ཞུགས་སུ་དྲངས་པ་ལྟར་བཤད་དོ། ། ཞེས་པའི་གཏན་ཚིགས་ལ་བརྟེན་ནས་དངོས་པོ་རྣམས་རྒྱུ་མེད་ལས་ སྐྱེ་བར་སྨྲའོ། །དེ་འགོག་པའི་ཕྱིར། བུད་དྷ་པཱ་ལི་ཏ་ལས་དངོས་པོ་རྣམས་རྒྱུ་མེད་པ་ལས་ཀྱང་སྐྱེ་བ་མེད་དེ། རྟག་ཏུ་ཐམས་ཅད་ལས་ཐམས་ འགྲེལ་པ་སྤྱན་རེས་གཟིགས་བརྟུལ་ཞུགས་སུ་དྲངས་པ་ལྟར་བཤད་དོ། །ཅད་སྐྱེ་བར་ཐལ་བར་ འགྱུར་བའི་ཕྱིར་དང། རྩོམ་པ་ཐམས་ཅད་དོན་མེད་པ་ཉིད་ཀྱི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །ཞེས་གསུངས། དོན་ནི། གོང་གི་དེར་མ་ཟད་དངོས་པོ་རྣམས་རྒྱུ་མེད་པ་ལས་སྐྱེ་བ་མེད་དེ། གལ་ཏེ་རྒྱུ་མེད་པར་ཡང་སྐྱེ་ན་ནི། དུས་འདིར་སྐྱེ་དང་ [017B] ཡུལ་ཡང་འགའ་ཞིག་ཏུ་སྐྱེ་བ་དང་འགའ་ཞིག་ཏུ་མི་སྐྱེ་བའི་ངེས་པ་ཅན་གྱི་རྒྱུ་མེད་པས་ན། དུས་རྟག་ཏུ་རྒྱུ་མ་ཡིན་པ་ཐམས་ཅད་ལས་འབྲས་བུ་མ་ཡིན་པ་ཐམས་ཅད་ཀྱང་སྐྱེ་བར་ཐལ་བར་འགྱུར་བའི་ ཕྱིར་དང། དེར་མ་ཟད། འཇིག་རྟེན་པ་རྣམས་མྱུ་གུའི་ཕྱིར་ས་བོན་འདེབས་པ་སོགས་ཀྱི་བྱ་བ་རྩོམ་པ་ཐམས་ཅད་དོན་མེད་པ་ཉིད་ཀྱི་སྐྱོན་དུ་འགྱུར་རོ། །ཞེས་གསུངས་པ་ལ། ལེགས་ལྡན་འབྱེད་ཀྱིས། དེ་ལ་ཡང་གླགས་ཡོད་པའི་ཚིག་ ཡིན་པའི་ཕྱིར། གལ་ཏེ་བསྒྲུབ་པར་བྱ་བ་དང་སྒྲུབ་པ་ལྡོག་པའི་ཚིག་གི་དོན་མངོན་པར་འདོད་ན་དེས་འདི་སྐད་བསྟན་པར་འགྱུར་ཏེ་དངོས་པོ་རྣམས་རྒྱུ་ལས་སྐྱེ་བར་འགྱུར་བ་དང། ལན་འགའ་ཁ་ཅིག་ལས་ཁ་ཅིག་སྐྱེ་བར་འགྱུར་བ་དང་ རྩོམ་པ་འབྲས་བུ་དང་བཅས་པ་ཉིད་དུ་འགྱུར་བའི་ཕྱིར། དེ་ནི་མི་རིགས་ཏེ་སྔར་སྨྲས་པའི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །ཇི་སྟེ་གཞན་དུ་ན་ཡང། དོན་འབྲེལ་བ་མེད་པ་ཡིན་ཏེ། སྔ་མ་བཞིན་ནོ། །ཞེས་གསུངས། དོན་ནི། གོང་གི་དེར་མ་ཟད། བཤད་ མ་ཐག་པ་དེ་ལ་ཡང་གླགས་ཡོད་པའི་ཚིག་ཡིན་པའི་ཕྱིར་མི་རིགས་སོ། །ཇི་ལྟར་ཡོད་ན། དངོས་ཟིན་གྱི་དངོས་པོ་རྣམས་ཆོས་ཅན། རྒྱུ་མེད་ལས་མི་སྐྱེ་སྟེ། རྟག་ཏུ་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་ཐལ་བའི་ཕྱིར་དང། རྩོམ་པ་ཐམས་ཅད་ དོན་མེད་པར་འགྱུར་བའི་ཕྱིར། ཞེས་པའི་སྦྱོར་བ་ལྡོག་པའི་དོན་མངོན་པ་སྟེ་གསལ་བར་འདོད་ན་ནི། སྦྱོར་བ་དེའི་རྟགས་ཟུར་དུ་ཐལ་བར་འགྱུར་ཞེས་པས་ལྡོག་པ་འཕེན་པའི་ཚུལ་ནི། རྒྱུ་མེད་ལས་སྐྱེ་ན། རྟག་ཏུ་ཐམས་ཅད་ལས་ཐམས་ཅད་ [018A]༄༅། །སྐྱེ་བར་ཐལ་བར་འགྱུར་བ་དང། རྩོམ་པ་ཐམས་ཅད་དོན་མེད་དུ་ཐལ་བར་འགྱུར་བ་ལས། ལན་འགའ་ཁ་ཅིག་ལས་ཁ་ཅིག་སྐྱེ་བའི་ཕྱིར་དང། རྩོམ་པ་ཐམས་ཅད་དོན་ཡོད་པའི་ཕྱིར་ཞེས་འཕངས་ལ། དེ་ ལྟར་ལན་འགའ་ཁ་ཅིག་ལས་ཁ་ཅིག་སྐྱེ་བ་དང། རྩོམ་པ་འབྲས་བུ་དང་བཅས་པའི་སྟེང་ན་རྒྱུ་མེད་ལས་སྐྱེ་བ་བཀག་པས། རྒྱུ་མེད་ལས་མི་སྐྱེ་བ་ཙམ་དུ་མ་བསྡད་པར་རྒྱུ་ལས་སྐྱེ་བ་འཕངས་ཤིང། དེ་འཕངས་པས་གྲུབ་ མཐའ་དང་འགལ་ཚུལ་གོང་དུ་བཤད་པ་ལྟར་རོ། །ཇི་སྟེ་གཞན་དུ་སྒྲ་སོར་བཞག་ན་ཡང་དོན་འབྲེལ་བ་མེད་ཚུལ་སྔ་མ་བཞིན་ནོ་།ཞེས་དོན་དུ་ན། འགྲེལ་ངག་དེས་དངོས་པོ་རྣམས་རྒྱུ་མེད་ལས་མི་སྐྱེ་བར་སྒྲུབ་པའི་གཏན་ཚིགས་ཡང་ དག་དངོས་སུ་མ་བརྗོད་པ་ལ་སྐྱོན་བརྗོད་པའོ། །སྐྱོན་དེ་བསལ་བའི་ཕྱིར་ཚིག་གསལ་ལས། འདི་ནི་མི་རིགས་ཏེ། སྔར་ལན་བཏབ་ཟིན་པའི་ཕྱིར་རོ། །ཞེས་གསུངས། དོན་ནི། ལེགས་ལྡན་འབྱེད་ཀྱི་སྐྱོན་བརྗོད་འདི་ནི་མི་རིགས་ཏེ། ལྡོག་ དོན་ཁས་བླངས་པའི་སྒོ་ནས་གྲུབ་མཐའ་དང་འགལ་བ་ཡང་མེད་ལ། སྒྲ་སོར་བཞག་ལ་དངོས་པོ་རྣམས་ཆོས་ཅན། རྟག་ཏུ་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་ཐལ། རྒྱུ་མེད་ལས་སྐྱེ་བའི་ཕྱིར། རྩོམ་པ་ཐམས་ཅད་དོན་མེད་པར་ ཐལ། རྒྱུ་མེད་ལས་སྐྱེ་བའི་ཕྱིར་ཞེས་པའི་འགལ་བརྗོད་ཀྱི་ཐལ་འགྱུར་བསྟན་པའི་ཕྱིར་དོན་འབྲེལ་མེད་མ་ཡིན་ལ་རང་རྒྱུད་ཀྱི་གཏན་ཚིགས་བརྗོད་མི་རིགས་ཤིང། ཐལ་འགྱུར་དེས་རྒྱུ་མེད་ལས་སྐྱེ་བ་འགོག་ནུས་པ་སོགས་གོང་ [018B] །ཞེས་གསུངས་པའི་དོན་ཡིན་ནོ། ལེགས་ལྡན་འབྱེད་དང། སྤྱན་རས་གཟིགས་བརྟུལ་ཞུགས་གཉིས་ཀྱིས། དབང་ཕྱུག་དང་ཁྱབ་འཇུག་དང་སྐྱེས་བུ་དང་དུས་ལས་སོགས་པ་རྒྱུར་སྨྲ་བ་ རྣམས་ཀྱང་རྒྱུ་མེད་ལས་སྐྱེ་བར་སྨྲ་བའི་ཁོངས་སུ་བསྡུས་ནས་བཤད་པ་ནི། རང་འགྲེལ་ལས། གལ་ཏེ་དངོས་པོ་རྣམས་ལ་རང་བཞིན་འགའ་ཞིག་ཡོད་ན་ནི། སྐྱེ་བའི་རྣམ་པར་རྟོག་པ་གཞན་མི་སྲིད་པའི་ཕྱིར་ཐེ་ཚོམ་མེད་པར་དེ་བདག་ གམ་གཞན་ནམ་གཉིས་ཀའམ་རྒྱུ་མེད་པ་ཞིག་ལས་སྐྱེ་བའི་དམིགས་པར་འགྱུར་བ་ཞིག་གོ་གང་དག་དབང་ཕྱུག་ལས་སོགས་པ་དག་ལས་དངོས་པོ་རྣམས་སྐྱེ་བར་མངོན་པར་འདོད་པ་དེ་དག་གི་ལྟར་ན་ཡང། དབང་ཕྱུག་ལས་སོགས་ པ་དེ་དག་བདག་ཏུ་འགྱུར་བའམ། གཞན་དུ་འགྱུར་བའམ། གཉིས་ཀར་གྱུར་པ་ཞིག་ཏུ་འགྱུར་བས་དབང་ཕྱུག་ལས་སོགས་པ་རྒྱུར་སྨྲ་བ་དག་ཀྱང་བཤད་ཟིན་པའི་སྐྱོན་ལས་མི་འདའ་སྟེ། དེའི་ཕྱིར་སྐྱེད་པར་བྱེད་པའི་རྒྱུའི་རྣམ་པར་རྟོག་པ་ གཞན་ལྔ་པ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་གཞན་མེད་པའི་ཕྱིར་ལ། རྣམ་པར་རྟོག་པ་བཞིས་སྐྱེ་བ་བཀག་པའི་ཕྱིར་དངོས་པོ་རྣམས་ཀྱི་རང་བཞིན་སྐྱེ་བ་མེད་དོ། །ཞེས་གསུངས་པ་འདིས་བཀག་ཅིང། དངོས་པོ་རྣམས་རང་བཞིན་གྱིས་སྐྱེ་ན་ སྐྱེ་ཚུལ་བཞི་པོ་འདི་ལས་གཞན་མི་སྲིད་པ་དང། གོང་གི་རིགས་པ་རྣམས་གཏན་ཚིགས་སུ་བསྒྲིལ་ཏེ་མདོར་བསྡུ་ན། དངོས་པོ་རྣམས་ཆོས་ཅན། རང་བཞིན་གྱིས་མི་སྐྱེ་སྟེ། མཐའ་བཞི་གང་རུང་ལས་མི་སྐྱེ་བའི་ཕྱིར་ཞེས་པ་ཡང་བསྟན་ [019A]༄༅། །ཏོ། །དེ་ལྟར་མཐའ་བཞིའི་སྐྱེ་བ་འདོད་པ་ཐམས་ཅད་རང་བཞིན་གྱིས་སྐྱེ་བ་འདོད་པ་ཁོ་ན་ཡིན་ལ། རང་བཞིན་གྱིས་སྐྱེ་བ་འགོག་པའི་རིགས་པའི་གཙོ་བོ་ནི། རྟེན་ནས་འབྱུང་བའི་རིགས་པ་ཡིན་པས། མཐའ་ བཞིའི་སྐྱེ་འགོག་གི་རིགས་པ་མཐའ་དག་ནི་མཐར་གཏུགས་ན་རྟེན་འབྱུང་གི་རིགས་པ་ལ་རག་ལས་པ་ཡིན་ནོ། །དེའི་ཕྱིར་རིགས་པ་འདི་ལ་རིགས་པའི་རྒྱལ་པོ་ཞེས་གསུངས་ཤིང། རིགས་པ་འདི་ལ་བརྟེན་ནས། དབང་ཕྱུག་དང་ དུས་དང། གཙོ་བོ་དང། ཁྱབ་འཇུག་དང། བདག་གཞན་ལས་སོགས་པ་ལས་སྐྱེ་བར་འདོད་པའི་ལྟ་ངན་གྱི་དྲ་བ་མཐའ་དག་གཅོད་པར་བྱེད་དེ་འཇུག་པ་ལས། གང་ཕྱིར་དངོས་པོ་བརྟེན་ནས་རབ་འབྱུང་བས། །རྟོག་པ་འདི་དག་བརྟག་པར་ མི་ནུས་པ། །དེའི་ཕྱིར་རྟེན་འབྱུང་རིགས་པ་འདི་ཡིས་ནི། །ལྟ་ངན་དྲ་བ་མཐའ་དག་གཅོད་པར་བྱེད། །ཅེས་གསུངས་སོ། ༈ །ཡང་འདི་ལས་འཕྲོས་ནས་རྟེན་འབྲེལ་གྱི་གཏན་ཚིགས་འགོད་ཚུལ། དེ་ལྟར་བཀོད་པའི་གཏན་ཚིགས་ ཀྱི་ཆོས་ཅན། བསྒྲུབ་བྱ་དང། བསྒྲུབ་བྱའི་ཆོས། རྟགས་སོགས་ཀྱི་ངོས་འཛིན་དང་མིང་གི་རྣམ་གྲངས་རྣམས་བཤད་ན་ལས་དང་པོ་པ་སོགས་འགའ་ལ་ཕན་པར་འགྱུར་བས་བཤད་པར་བྱའོ། །དེ་ཡང་གཏན་ཚིགས་དེ་འགོད་ཚུལ་ ནི། མྱུ་གུ་ཆོས་ཅན། རང་བཞིན་གྱིས་མ་གྲུབ་སྟེ། རྟེན་འབྲེལ་ཡིན་པའི་ཕྱིར། དཔེར་ན། གཟུགས་བརྙན་བཞིན། ཞེས་སོ། །དེའི་ཆོས་ཅན་ནི་མྱུ་གུ་ཡིན་ལ། ཆོས་ཅན་དང། རྩོད་གཞི། རྗེས་སུ་དཔག་བྱའི་གཞི་རྣམས་རྣམ་གྲངས་ [019B] །དེ་ལ་ཆོས་ཅན་ཟེར་བ་ནི། ཆོས་གཉིས་དང་ལྡན་པས་ན་དེ་ལྟར་བརྗོད་དོ། །ཆོས་གཉིས་ནི་བསྒྲུབ་བྱའི་ཆོས་རང་བཞིན་གྱིས་མ་གྲུབ་པ་དང། ཕྱོགས་ཆོས་རྟེན་འབྲེལ་གཉིས་ཡིན་ནོ། །དེའི་བསྒྲུབ་བྱ་ནི། མྱུ་གུ་རང་བཞིན་གྱིས་མེད་ པའོ། །བསྒྲུབ་བྱ་དང་ཕྱོགས་གཉིས་དོན་གཅིག་གོ་དེའི་བསྒྲུབ་བྱའི་ཆོས་ནི། རང་བཞིན་གྱིས་མ་གྲུབ་པ་དེའོ། །དེ་ལ་བསྒྲུབ་བྱའི་ཆོས་ཟེར་བ་ནི། གཞི་ཆོས་ཅན་གང་གི་སྟེང་དུ་བསྒྲུབ་པར་བྱ་རྒྱུའི་ཆོས་ཡིན་པས་སོ། །མྱུ་གུ་རང་ བཞིན་གྱིས་མ་གྲུབ་པ་ལ་བསྒྲུབ་བྱ་ཙམ་ལས་མི་ཟེར་བ་ནི། སྒྲུབ་བྱེད་ཀྱི་གཏན་ཚིགས་རྟེན་འབྲེལ་གྱིས་བསྒྲུབ་པར་བྱ་བ་ཙམ་ཡིན་པས་སོ། །ཡང་གཞི་ཆོས་ཅན་མྱུ་གུའི་སྟེང་གི་ཆོས་རང་བཞིན་གྱིས་མ་གྲུབ་པ་ཞེས་པས་ཀྱང་བསྒྲུབ་བྱའི་ཆོས་ ཞེས་པ་གོ་བར་ནུས་སོ། །བསྒྲུབ་བྱའི་ཆོས་ལ་ཕྱོགས་ཞེས་པའི་མིང་ཡོད་ཀྱང་ཕྱོགས་དངོས་མིན་ལ། བསྒྲུབ་བྱ་ཕྱོགས་དངོས་ཡིན་པ་ནི། སྤྱན་རས་གཟིགས་བརྟུལ་ཞུགས་ལས། ཕྱོགས་ཞེས་བྱ་བ་ནི་ཆོས་དང་ཆོས་ཅན་བསྡུས་པའི་ཕྱོགས་ ཏེ། ཞེས་བསྒྲུབ་བྱ་ལ་དངོས་མིང་དང། ཡང་ཆོས་ཅན་སྟོན་པའི་སྐབས་སུ་ཕྱོགས་ཏེ་ཆོས་ཅན་ཡིན་ནོ། །ཞེས་དང། བསྒྲུབ་བྱའི་ཆོས་ཀྱི་སྐབས་སུ། ཕྱོགས་ཏེ་བསྒྲུབ་པར་བྱ་བ་ཆོས་ཡིན་ནོ་ཞེས་བཏགས་པ་བར་བཤད་དོ། །དེས་ན་ཆོས་དང་ ཆོས་ཅན་རེ་རེ་བ་ལ་བཏགས་མིང་དང། ཚོགས་པ་ལ་དངོས་མིང་ཡིན་ནོ། །དམ་བཅའ་དང། རྗེས་སུ་དཔག་བྱ། བསྒྲུབ་བྱ་རྣམས་རྣམ་གྲངས་སོ། །དེའི་རྟགས་ནི་རྟེན་འབྲེལ་ཡིན་ནོ། །རྟགས་དང། གཏན་ཚིགས། རྒྱུ་མཚན། སྒྲུབ་བྱེད། ཤེས་བྱེད་ [020A]༄༅། །གོ་བྱེད། འཐད་པ། རིགས་པ་རྣམས་རྣམ་གྲངས་སོ་།ཕྱོགས་ཆོས་ཀྱང་དེའི་མིང་ཡིན་ལ། ཕྱོགས་ཆོས་ཟེར་བའི་ཕྱོགས་ནི་བསྒྲུབ་བྱའི་ཕྱོགས་གཅིག་ཆོས་ཅན་དང། ཆོས་ནི་ཆོས་ཅན་དེའི་ཆོས་གཉིས་ལས་ གཏན་ཚིགས་ཀྱི་ཆོས་ཡིན་ཏེ། སྤྱན་རས་གཟིགས་བརྟུལ་ཞུགས་ལས་ཆོས་དང་ཆོས་ཅན་བསྡུས་པའི་ཕྱོགས་དེའི་གཏན་ཚིགས་ཀྱི་ཆོས་ཡིན་པས་ཕྱོགས་ཀྱི་ཆོས་ཞེས་བྱའོ། །ཞེས་གསུངས་སོ། །མཐུན་དཔེ་སྦྱོར་ཚུལ་ནི། དེ་ཡང་ཆོས་ མཐུན་པའི་དཔེ་ཞེས་བྱ་བ་ནི། དོན་གྱི་ཆོས་ཅན་མྱུ་གུ་ལ་བསྒྲུབ་བྱའི་ཆོས་རང་བཞིན་གྱིས་མ་གྲུབ་པ་དང། སྒྲུབ་བྱེད་རྟགས་ཀྱི་ཆོས་རྟེན་འབྲེལ་གཉིས་ཡོད་པ་དང་མཐུན་པར་དཔེའི་ཆོས་ཅན་གཟུགས་བརྙན་ལ་ཡང། རང་བཞིན་གྱིས་མ་ གྲུབ་པ་དང། རྟེན་འབྲེལ་གྱི་ཆོས་གཉིས་ཡོད་པས་ན་དེ་སྐད་ཅེས་བྱའོ། །འདི་ཡང་སྤྱན་རས་གཟིགས་བརྟུལ་ཞུགས་ལས། དེ་ལ་དཔེ་ཞེས་བྱ་བ་ནི། ཆོས་ཅན་གང་ལ་བསྒྲུབ་པར་བྱ་བ་དང། སྒྲུབ་པའི་ཆོས་ཡོད་པའི་དཔེ་སྟེ། ཞེས་གསུངས་པས་ སོ། །འོ་ན། གཟུགས་བརྙན་རང་བཞིན་གྱིས་མེད་པ་སྟོང་ཉིད་མ་ཡིན་ནམ་ཞེ་ན། དེ་སྟོང་ཉིད་ཡིན་མོད་ཀྱང་སྐབས་འདིར་མཐུན་དཔེར་བཟུང་བ་ནི། དེའི་འདྲའི་སྦྱོར་བ་སྐབས་སུ་བབས་པའི་ཕྱི་རྒོལ་གྱིས་དེའི་སྔ་རོལ་ཏུ་གཟུགས་བརྙན་རང་བཞིན་ མེད་པ་ངོས་ཟིན་པ་ཡིན་པས་ན་དེར་བཟུང་བ་ཡིན་ནོ། །འོ་ན། འཇིག་རྟེན་ན་བརྫུན་པར་མ་གྲགས་སམ་སྙམ་ན། འཇིག་རྟེན་རང་འགའ་བའི་ཐ་སྙད་པའི་ཚད་མས་གཟུགས་བརྙན་བྱད་བཞིན་དུ་སྣང་བ་ལྟར་མ་གྲུབ་པ་རྟོགས་ནུས་ཤིང། དེ་ལྟར་ [020B] གཟུགས་བརྙན་རང་བཞིན་གྱིས་མ་གྲུབ་པ་ནི་ཐ་སྙད་པའི་བློ་དེས་རྟོགས་མི་ནུས་སོ་།འདི་དག་ལ་ཉེ་བར་མཁོ་བའི་བརྗོད་པར་བྱ་བ་ཤིན་ཏུ་མང་ཡང་ཧ་ཅང་མངས་ན་ལས་དང་པོ་པ་རྣམས་དང་གཞན་འགའ་ཞིག་ མགོ་འཁོར་བའི་རྐྱེན་དུ་འགྱུར་བས་དེ་ཙམ་ལས་མི་སྤྲོའོ། །སྨྲས་པ། མྠའ་མེད་སྲིད་ན་རིན་ཐང་བྲལ་བའི་བློ་གྲོས་ཆེན་པོའི་ནོར་བུ་ཡིས། །མྠའ་བྲལ་གཏམ་གྱི་མཁོ་དགུའི་འབྱོར་བ་འབད་མེད་ཆར་དུ་བརྙིལ་བ་ན། །མྠའ་ཡས་མཁས་པའི་སྙེམས་པ་ འགོག་ཕྱིར་ཟླ་བའི་ཞབས་ཀྱིས་བྱས་པའམ། །མྠའ་མའི་དུས་འདིར་རྨད་བྱུང་གཏམ་འདི་ཆེས་ཆེར་མཚར་ཞེས་གླེང་བར་འོས། །རྣམ་མང་གཞུང་གི་གེ་སར་ལྟེ་བའི་དྲི། །རྣམ་ཀུན་ཚུལ་བཞིན་མྱངས་པའི་སྐལ་བཟང་ནི། །རྣམ་བཀྲའི་ཝརྞར་སྤེལ་བའི་ངོ་ མཚར་ལ། །རྣམ་དཔྱོད་གཟུར་གནས་བློ་ཡིས་རོལ་ཅིག་དང། །རབ་གསལ་ཚིག་གི་དྲི་བཞོན་གྱིས་བོས་པའི། །ཟབ་བརླིང་དཀའ་གནས་མ་ལ་ཡ་ཡི་དྲིས། །ཁྱོད་ཀྱི་སྙིང་ལ་རྨད་བྱུང་བདུད་རྩི་ནི། །ཅི་དགར་སྟེར་བ་ད་གདོད་འཚལ་བར་འགྱུར། །འོན་ཀྱང་འཆིང་ བས་ལྷོད་པར་མ་གྱུར་པའི། །བྱིས་བློས་དཔྱད་ཕྱིར་ནོངས་པའི་དྲི་མ་ནི། །མཆིས་ན་གཟུར་གནས་མཁས་ལ་བདག་འཆགས་ཤིང། །ཕྱོགས་འཛིན་སྡང་ཞུགས་བྱེད་ལ་ལྟོས་པ་ཅི། །ཚུལ་འདིའི་དགེ་ཚོགས་གང་ཞིག་མཆིས་པ་དེ། །མ་ལུས་རྒྱལ་བའི་དམ་ ཆོས་འཛིན་པ་དང། །རྣམ་དག་ལམ་བཟང་འདི་དང་མི་འབྲལ་བར་།སྐྱེ་ཀུན་བྱང་གྲོལ་ཆེན་པོར་བཀྲི་ཕྱིར་བསྔོ། ། ཞེས་རབ་འབྱམས་སྨྲ་བ་ཐུབ་བསྟན་དར་རྒྱས་སོགས་འགའ་ཞིག་གིས་ནན་གྱིས་བགྱིས་ཤིག་པའི་ངོར། དཀའ་བཅུའི་མིང་ཅན་རཏྣ་ཨརྠ་སིདྡྷིས་གཞུང་ཆེན་མོ་དུ་མ་ལ་དཔྱད་ [021A]༄༅། །བཞིབ་ཏུ་བྱས་ཤིང། ༸རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོའི་སྤྱི་དོན་གཞིར་བཞག་ནས་རང་གི་གོ་ཚོད་ལྟར་ལན་ཅིག་མ་ཡིན་པར་བརྟགས་ཤིང་དཔྱད་དེ་བྱས་ཁུལ་ཡིན་པ་འདི་ནི། ཆོས་སྡེ་ཆེན་པོ་སེ་ར་ཐེག་ཆེན་གླིང་གི་ལྟེ་བ་དགེ་འདུན་འདུས་པའི་གཙུག་ ལག་ཁང་གི་ཉེ་འདབས་སུ་སྦྱར་བའོ། །གལ་ཏེ་ཕྱིན་ཅི་ལོག་སོགས་ཀྱིས་ནོངས་པར་གྱུར་ན་མཁས་པ་ཐུགས་གཟུ་པོར་གནས་པ་རྣམས་ཀྱིས་ལེགས་པར་སུན་འབྱིན་པར་མཛོད་ཅིག་ལེགས་པའི་ཆ་ཐམས་ཅད་མཆོད་པའི་ཚུལ་དུ་འབུལ་ལོ། །འོན་ཀྱང་དོན་ལ་ཞུགས་མ་ཞུགས་ཀྱི་དཔྱད་པ་མེད་པར་ཚིག་ ཙམ་ཞིག་ལ་རྩོད་པ་ལྷུར་ལེན་པ་ནི་སྙིང་པོ་མེད་ལ། དོན་ཁོ་ན་ལ་བརྟགས་པ་མཛད་ནས་ཚིག་གི་ཆ་ལའང་ཚིག་རེ་རེའི་ངོ་གདོང་ཙམ་མ་ཡིན་པར་སྔ་ཕྱིའི་ནུས་པ་སྦྱོར་ཚུལ་དང་ནོར་བ་དང། རིགས་པ་དང་མ་འབྲེལ་བ་སོགས་ནི་གནད་འཆུགས་པའི་སྐྱོན་ཡིན་པས་དེ་དག་ལ་ཞིབ་ཏུ་གཟིགས་པ་ཞུ།། །།། སྭ་སྟི། འཕགས་ཡུལ་ཐལ་རང་མཁས་དབང་གི་དགོངས་དོན་དཀའ་གནད་ཡིད་བཞིན་ནོར། །ལག་མཐིལ་སྩོལ་བའི་ལེགས་བཤད་འདི། །ཟབ་དོན་ལྟ་བའི་མིག་ཏུ་ཁུམས། །དེ་ཕྱིར་མདོ་སྔགས་གཞུང་སྤྱི་དང། །ཐ་སྙད་རིག་པའི་ ཕྲེང་འཛིན་པའི། །གཞུང་ལུགས་རབ་འབྱམས་སྨྲ་བའི་དབང་།བཤེས་གཉེན་བྱམས་པ་འོད་ལྡན་གྱིས། །གང་མཁོའི་ཆ་རྐྱེན་རབ་སྦྱར་ཏེ། །ཆོས་སྡེ་ཆེན་པོ་སྐུ་འབུམ་དུ། །པར་དུ་བསྐུན་པའི་དགེ་ཚོགས་མཐུས། །འགྲོ་ཀུན་བྱང་ ཆེན་མྱུར་ཐོབ་ཤོག་ །། ཅེས་པ་འདི་ནི་སྙོམ་ལས་པ་དབྱངས་ཅན་དགའ་བའི་བློ་གྲོས་ཀྱིས་སུག་བྲིས་སུ་བགྱིས་པའོ།། །།སརྦ་མངྒ་ལཾ།། །།